འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་དབྱི་སི་རལ་གྱིས“གསར་གཏོད་དང་ཕྱོཌ་ཡོངས་ཀྱི་རོགས་ཟླའི་འབྲེལ་
    བ”བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་པེ་ཅིང་དུ་ཀྲུང་གོ་དང་དབྱི་སི་རལ་གྱིས་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱལ་ཁབ་གཉིས་པོས“གསར་གཏོད་དང་་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ”བཙུགས་པ་དངོས་སུ་ཁས་བླངས་པ་རེད།
         《གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་དབྱི་སི་རལ་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》ནང་འཛམ་གླིང་གི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་འཐབ་ཇུས་ལག་ལེན་བསྟར་བཞིན་ཡོད་པ་དང་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་གྱི་ཁྱབ་ཁོངས་སུ་དབྱི་སི་རལ་ལ་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་པའི་སྔོན་ཐོན་གྱི་གནས་བབ་ལྡན་ཡོད། ཀྲུང་དབྱིའི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་རྒྱུར་སྔར་བཞིན་མི་མངོན་པའི་ནུས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་རྨང་གཞིའི་ཐོག་གསར་གཏོད་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་རྒྱུར་གཞོལ་བ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ཞིག་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན་ཞེས་འཁོད་ཡོད་པ་རེད།
         ཀྲུང་དབྱིའི་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་ཞེས་པའི་ངེས་གནས་དེ་དོན་འཁྱོལ་བྱེད་ཆེད་གསལ་བསྒྲགས་ནང་ཐབས་ཇུས་12དམིགས་སུ་བཀར་ནས་བཀོད་པའི་ཁོངས་སུ་ཕྱོགས་གཉིས་དབར་གྱི་འབྲེལ་བའི་རིམ་ངོས་ཚང་མ་ཚུད་ཡོད་པ་རེད།
         གསལ་བསྒྲགས་དེ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཀྲུང་གོར་འཚམས་འདྲི་གནང་མཇུག་འགྲིལ་ཉེར་ཡོད་པའི་དུས་སུ་སྤེལ་བ་དང“གསར་གཏོད”ཅེས་པ་དེ་ད་རེས་ཀྱི་འཚམས་འདྲིའི་བརྗོད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། འཚམས་འདྲི་གནང་རིང་ཀྲུང་དབྱི་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་དང་། ཚན་རྩལ། ཚོང་དོན། དམངས་སྤྱོད་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་ཞིག་ཐོག་མིང་རྟགས་བཀོད་ཡོད་པ་རེད།
         2016ལོའི་ལོ་མཇུག་བར་ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་97དང་རྣམ་པ་སྣ་ཚོགས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ཀྲུང་དབྱི་རྒྱལ་ཁབ་གཉིས་དབར་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་པ་ལས་དབྱི་སི་རལ་འདི་ཉིད་སུའེ་ཙེར་རྗེས་སུ་ཀྲུང་གོ་དང“གསར་གཏོད”ཅེས་པ་མཚོན་རྟགས་སུ་བྱས་པའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་མཁན་གྱི་རྒྱལ་ཁབ་གཉིས་པར་གྱུར་ཡོད། 2016ལོའི་ཟླ་བ་བཞི་པར་ཀྲུང་སུའེ་རྒྱལ་ཁབ་གཉིས་པོས“གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
         ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་རོན་ཙུང་ཙེ་ཡིས་གསར་གཏོད་ཅེས་པ་དེ་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་རྩེ་མོར་གནས་ཡོད། སུའེ་ཙེར་དང་དབྱི་སི་རལ་གཉིས་པོ་ནི་ཀུན་གྱིས་ཁས་བླངས་པའི་གསར་གཏོད་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་རེད། རྒྱལ་ཁབ་དེ་གཉིས་དང་གསར་གཏོད་མཉམ་ལས་ཟབ་ཏུ་གཏོང་བ་དེ་ཐོག་ནས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་རུ་གཏོང་སྐབས་ཀྱི་ཀྲུང་གོའི་གནད་ལ་འཁེལ་བའི་ངེས་གནས་དེ་མཚོན་གྱི་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།