འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གཞུང་ཕྱོགས་དྲ་ཚིགས་དངོས་སུ་ཤར་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གཞུང་ཕྱོགས་དྲ་ཚིགས་ཏེ་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་དྲ་རྒྱ་(www.yidaiyilu.gov.cn)དངོས་སུ་ཤར་གཏོང་བྱས་ཤིང་། དྲ་ཚིགས་ཀྱི་དཔོད་ཆུང་དང་སྐད་འཕྲིན་ཡང་དུས་མཉམ་དུ་ཤར་གཏོང་ཐུབ་པ་རེད།
          ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་དྲ་རྒྱ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་མཛུབ་ཁྲིད་ཚན་པར་བྱས་ནས་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་གི་གཞི་གྲངས་ཆེན་པོའི་ལག་རྩལ་ཚད་ཡོད་ཀུང་སི་དང་། དབྱི་ཙན་ཕུའུ་ཚོགས་པ། པད་རྡོར་སྤྲིན་མཛོད་བཅས་ཀྱིས་གཉེར་སྐྱོང་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱས་པ་ཞིག་རེད། གཞུང་ཕྱོགས་དྲ་ཚིགས་ཀྱིས་ཆ་འཕྲིན་བརྒྱུད་སྤེལ་དང་། ཤེས་དཔལ་འབྲེལ་འདྲིས། མཉམ་ལས་གཉིས་ཕན་བཅས་ཡོང་བ་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་ཐོན་པའི་དོ་ཁུར་བྱེད་གནད་གལ་ཆེན་ལ་དུས་ཐོག་ཏུ་བརྡ་ལན་སྤྲོད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་ལྟེ་བའི་འདུ་ཤེས་ལ་ཚན་རིག་དང་མཐུན་པའི་ངང་འགྲེལ་བཤད་ཡང་དག་བརྒྱབ་ཁར་རྒྱལ་ཁབ་ཕྱི་ནང་གི་“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ལ་དབང་གྲགས་ལྡན་པའི་ངང་ཁྱབ་བསྒྲགས་དང་གསེད་བཀྲོལ་བྱེད་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཁྱོན་ཡོངས་དང་དྲང་གཞག་ངང་ངོ་སྤྲོད་བྱས་ཏེ། ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་ཁེ་ལས་དང་། སྤྱི་ཚོགས་ཚོགས་པ་དང་རྩ་འཛུགས། སྤྱི་དམངས་བཅས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཆེད་ཆ་འཕྲིན་གྱི་ཞབས་ཞུ་དང་ཕན་ཚུན་སྤེལ་རེས་ཐུབ་པར་བྱ་རྒྱུ་རེད།
         གཞུང་ཕྱོགས་དྲ་ཚིགས་ཤར་གཏོང་བྱས་མ་ཐག་ཕྱི་རྒྱལ་གྱི་གསར་འགྱུར་གཙོ་བོ་དང་། རྒྱལ་ནང་གི་གསར་འགྱུར་གཙོ་བོ། སྲིད་ཇུས་ཀྱི་ཁོར་ཡུག ཕྱོགས་ཡོངས་འཕེལ་རྒྱས། རྨང་གཞིའི་གྲངས་གཞི། ཁེ་ལས་ཀྱི་ཉམས་འགྱུར། དར་གོས་ལམ་བུ་མཉམ་དུ་གླེང་བ་སོགས་ཆ་འཕྲིན་རིགས་ཀྱི་ལེ་ཚན་གཙོ་བོ་བཟོས་པ་དང་སྦྲགས། “རྒྱུད་གཅིག་ལམ་གཅིག”གི་རྨང་གཞིའི་གྲངས་གཞིའི་མཛོད་དང་། སྲིད་ཇུས་ཀྱི་མཛོད། རྣམ་གྲངས་མཛོད། ཁེ་ལས་དང་ཤེས་ལྡན་པའི་མཛོད་སོགས་ཞབས་ཞུའི་རིགས་ཀྱི་ལེ་ཚན་བཟོས་ཡོད། ད་རེས་ཀྱི་དྲ་ཚིགས་ཤར་གཏོང་ནང་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱི་པར་གཞི་ཡོད་པ་དང་། ད་ལོའི་ནང་ཚུན་དུ་རྒྱ་ཡིག་དང་། དབྱིན་ཡིག ཨུ་རུ་སུའི་ཡི་གེ ཧྥ་རན་སེའི་ཡི་གེ ཨ་རབ་ཀྱི་ཡི་གེ སི་ཕེན་གྱི་ཡི་གེ་སོགས་སྐད་ཡིག་མང་པོའི་པར་གཞི་འདོན་རྒྱུ་ཡིན་པས། སྐབས་དེ་དུས་གོ་ལ་ཧྲིལ་པོའི་ས་ཆ་མང་ཆེ་བར་ཁྱབ་རྒྱུ་ཡིན་པ་རེད།
         མིག་སྔར་གཞུང་ཕྱོགས་དྲ་ཚིགས་ཀྱིས་རྒྱལ་ནང་གི་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་སྒྲིག་གཞི30ལྷག་དང་། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག ལམ་རྒྱུད་ཀྱི་མཉམ་ལས་རྒྱལ་ཁབ་མང་པོ་བཅས་ཀྱི་ཆ་འཕྲིན་འབྲེལ་གཏུག་ལམ་སྲོལ་བཟོས་ཟིན་ནས་PCདང་ལག་ཐོགས་ཁ་པར་སོགས་མཐའ་སྣེ་མང་པོའི་འཇུག་ལམ་བཏོན་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་བ་དང་སྦྲགས། གཞུང་ཕྱོགས་དྲ་ཚིགས་ཀྱིས་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས་གཉེར་སྐྱོང་ཞབས་ཞུའི་ཆུ་ཚད་སྔར་བས་འཐུས་སྒོ་ཚང་པོའི་ངང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།