འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་མཚོ་སྔོན་ཞིང་ཆེན་ལ་གཞུང་ལམ་ཁག་གཅིག་སྐྲུན་ནས་ རླངས་འཁོར་ཤར་གཏོང་
    ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཞུང་ལམ་དྲ་བ་འཁོར་རྒྱུག་ལྟ་ཞིབ་ཚད་ལེན་དང་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ནས་ཤེས་རྟོགས་བྱས་པར། གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་སྦྲགས། མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་ལས་མཚམས་བཞག་པའི་འགྲོ་ལམ་འཛུགས་སྐྲུན་སླར་ཡང་ལས་འགོ་ཚུགས་ཤིང་། འཆར་གཞི་ལྟར་ན། འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་མཛོ་རྒན་སྣ་ནས་གཅིག་སྒྲིལ་བར་གྱི་མྱུར་འགྲོད་གཞུང་ལམ་དང་། མིང་ཧོ་ནས་ཞའོ་ཞ་བར་གྱི་མྱུར་བགྲོད་གཞུང་ལམ། ཟི་ལིང་གྲོང་སྐོར་ལམ་གཞོང་ཐང་ནས་དགོན་ལུང་དང་ཏ་ཐུང་བར་གྱི་གཞུང་ལམ་ཆེན་པོ། ཡ་རྫི་ནས་དགུ་རོང་ཁོག་བར་གྱི་གཞུང་ལམ་བཅས་སྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་དང་། ཡར་ག་ནས་རེབ་གོང་བར་གྱི་མྱུར་བགྲོད་གཞུང་ལམ་དང་མཚོ་ཤར་གྲོང་ནས་རྨ་ལྷོ་ཀྲོའུ་བར་གྱི་ཟམ་ཆེན་འཛུགས་སྐྲུན་དང་། ཟི་ལིང་ནས་སྐུ་འབུམ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་དང་། གྲ་མ་ལུང་ནས་རིག་མོ་གཞུང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭ་གཙོ་བོ་བཅས་ལེགས་སྒྲུབ་བྱ་རྩིས་ཡོད་པ་རེད།
         མཛོ་རྒན་སྣ་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་ལམ་ཐིག་ཧྲིལ་པོ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཁོངས་སུ་གནས་ཡོད་པ་དང་གཏེར་ལེན་ཁ་ནས་ཞིང་སྡེ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཞིང་སྡེ་ནས་མཛོ་རྒན་སྣ་བར་གྱི་མྱུར་བགྲོད་གཞུང་ལམ་གཉིས་ཀྱིས་ཤིན་ཅང་དང་། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་འབྲེལ་བའི་བགྲོད་ལམ་ཆེན་པོ་ཞིག་གྲུབ་ཡོད། དེ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་སྦྲེལ་མཐུད་ཐུབ་པའི་བགྲོད་ལམ་སྟབས་བདེ་ཤོས་རེད་ལ། ཟི་ལིང་གྲོང་ཁྱེར་ནས་མགོ་ལོག་ཀྲོའུ་སྲིད་གཞུང་བར་གྱི་མྱུར་བགྲོད་གཞུང་ལམ་དང་པོའང་རེད། མཛོ་རྒན་སྣ་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་བསྐྲུན་ཟིན་རྗེས་མགོ་ལོག་ཀྲོའུ་རྟ་བོ་གྲོང་རྡལ་ནས་ཁྲེང་ཏུའུ་དང་། གཏེར་ལེན་ཁ། གོར་མོ་སོགས་ས་ཁུལ་བར་གྱི་ལམ་ཐག་ཐུང་དུ་འགྲོ་རྒྱུ་དང་ལམ་ཐིག་ཧྲིལ་པོ་འདི་ལོའི་ཟླ་7ཚེས་1ཉིན་བསྐྲུན་ཟིན་རྗེས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
         མིང་ཧོ་ནས་ཞའོ་ཞ་བར་གྱི་གཞུང་ལམ་ནི་འགྲིམ་འགྲུལ་པུས་སྐོར་དྲུག་ལའི་དམིགས་བསལ་ས་ཁུལ་དབུལ་པོའི་ཁུལ་དུ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་དབུལ་སྐྱོར་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་གྲས་ཤིག་ཡིན་ལ། མཚོ་སྔོན་ཤར་རྒྱུད་གྲོང་ཁྱེར་འདུ་ཚོགས་འཛུགས་སྐྲུན་གྱི་གྲོང་ཁྱེར་མ་ལམ་གཙོ་བོ་ཡང་ཡིན། རྣམ་གྲངས་དེས་ཤར་ངོས་སུ་ཀན་སུའུ་ཞིང་ཆེན་འབྲེལ་བ་དང་ནུབ་ངོས་སུ་མཚོ་སྔོན་ཞིང་ཆེན་འབྲེལ་བ་མ་ཟད། ད་དུང་ལམ་བར་དུ་ཞིང་ཆེན་གཉིས་དང་། གྲོང་ཁྱེར་གསུམ། རྫོང་དང་ཆུས་དྲུག ཤང་གྲོང་བཅུ་གཅིག གྲོང་ཚོ་དྲུག་ཅུ་རེ་བཞི་བཅས་གཅིག་ཏུ་འབྲེལ་ཡོད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་མཚོ་སྔོན་ཤར་རྒྱུད་ཀྱི་འགྲིམ་འགྲུལ་འགྲོ་ལམ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་མཚོ་སྔོན་ཤར་རྒྱུད་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྟབས་བདེའི་འགྲིམ་འགྲུལ་ཆ་རྐྱེན་གཏོད་རྒྱུ་རེད། སྔོན་དཔག་བྱས་ན། ལམ་ཐིག་ཧྲིལ་པོ་འདི་ལོའི་ཟླ་7ཚེས་1ཉིན་སྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
         གཞོང་ཐང་ནས་དགོན་ལུང་དང་ཏ་ཐུང་བར་གྱི་གཞུང་ལམ་ནི་ཟི་ལིང་གྲོང་སྐོར་ལམ་གྱི་དུམ་བུ་གཅིག་ཡིན་ཞིང་། སྐྲུན་ཟིན་རྗེས་གཞོང་ཐང་དང་། དགོན་ལུང་། ཏ་ཐུང་བཅས་ས་ཁུལ་གསུམ་གྱི་ལམ་ཐག་སྤྱི་ལེ་10ཙམ་ཐུང་དུ་ཕྱིན་ནས་དང་ས་ཁུལ་གསུམ་དབར་བསྐྱོད་པའི་དུས་ཚོད་ཆུ་ཚོད་ཕྱེད་ཀ་ཙམ་གྲོན་ཆུང་བྱེད་ཐུབ། སྔོན་དཔག་བྱས་ན། ལམ་ཐིག་ཧྲིལ་པོ་འདི་ལོའི་ཟླ་དྲུག་པར་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
         ཡ་རྫི་ནས་དགུ་རོང་ཁོག་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སྟག་ལྷ་རི་བོ་ནས་ཡ་རྫི་དང་ཡ་རྫི་ནས་དགུ་རོང་ཁོག་བར་གྱི་བསྐྱར་སྐྲུན་ལས་གྲྭའི་དུམ་བུ་གཅིག་ཡིན་ཞིང་། དེ་ནི་མཚོ་སྔོན་ཞིང་ཆེན་གཞོང་ཐང་དར་སྤེལ་ལས་གྲྭའི་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་དང་ཀན་སུའུ་འབྲེལ་བའི་བགྲོད་ལམ་གལ་ཆེན་གྲས་ཤིག་ཀྱང་ཡིན། མྱུར་བགྲོད་གཞུང་ལམ་དེ་བསྐྲུན་ཟིན་རྗེས་ཟི་ལིང་ནས་ཡ་རྫི་བར་ཆུ་ཚོད་གཉིས་ནང་འབྱོར་བ་དང་ཡ་རྫི་ནས་ཀན་སུའུ་ལིང་ཞ་བར་ཆུ་ཚོད་གཅིག་ནང་འབྱོར་གྱི་ཡོད། སྔོན་དཔག་བྱས་ན། ཡ་རྫི་ནས་དགུ་རོང་ཁོག་བར་གྱི་གཞུང་ལམ་འདི་ལོའི་ལོ་མཇུག་ཏུ་སྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་དང་སྟག་ལྷ་རི་བོ་ནས་ཡ་རྫི་བར་གྱི་མྱུར་བགྲོད་གཞུང་ལམ་སང་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
         མཚོ་ཤར་གྲོང་ནས་རྨ་ལྷོ་ཀྲོའུ་བར་གྱི་ཟམ་ཆེན་ནི་ཡར་ག་ནས་རེབ་གོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པའི་འགག་གནད་ཡིན་ལ། མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་ཀྲོའུ་འབྲེལ་བའི་བགྲོད་ལམ་གལ་ཆེན་ཡང་ཡིན་པས་ནུབ་བྱང་ས་ཁུལ་དུ་ས་ཁོངས་མང་ཤོས་བརྒལ་བ་དང་ཡུལ་ལྗོངས་མཛེས་ཤོས་ཀྱི་རྨ་ཆུ་འཕྲེད་བཅད་ཀྱི་ལྡིང་ཟམ་ཀྱི་ཁོངས་སུ་གཏོགས་ཡོད། ཟམ་ཆེན་དེ་བསྐྲུན་ཟིན་རྗེས་ཡར་ག་ནས་རེབ་གོང་བར་གྱི་མྱུར་བགྲོད་གཞུང་ལམ་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་བྱེད་ཐུབ། འཆར་གཞི་བྱས་ན། ཟམ་ཆེན་དེ་འདི་ལོའི་ཟླ་དགུ་པའི་ཟླ་མཇུག་ཏུ་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
         འདི་ལོ་མྱུར་བགྲོད་གཞུང་ལམ་དེ་དག་སྐྲུན་དགོས་པ་ཕུད། ད་དུང་ཟི་ལིང་ནས་སྐུ་འབུམ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དང་། མཚོ་སྔོན་ཞིང་ཆེན་འཁོར་ལམ་བརྒྱད་ཀྱི་མྱུར་བགྲོད་གཞུང་ལམ་དང་པོ་ཡིན་པའི་གྲ་མ་ལུང་ནས་རིག་མོ་གཞུང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་འདི་ལོར་ལས་གྲྭ་གཙོ་བོ་འཛུགས་སྐྲུན་ཐུབ་པའི་བརྩོན་ལེན་བྱས་ཏེ་སང་ལོ་བསྐྲུན་ཟིན་པ་བྱས་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་འདིང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།