འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོའི་པུའུ་ཀྲང་གིས་གསུངས་དོན་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ལ་གནད་ལ་
    སྨིན་པའི་ཤུགས་རྒྱག་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་འཆར་གཞི་གཏན་གཏན་མངོན་འགྱུར་ཐུབ་ངེས་རེད”“མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་འཕེལ་ཕྱོགས་བཟང་པོ་ཐོན་ཡོད” “ལས་རིགས་སློབ་གསོ་ནི་རྒྱལ་ཁབ་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རིག་སྟོབས་འགན་ལེན་གལ་ཆེན་རེད”ཟླ་3ཚེས་12ཉིན་གྱི་ཕྱི་དྲོ་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གསར་འགོད་པའི་ཚོགས་འདུའི་ཐོག་སློབ་གསོའི་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་ལན་ཁ་གསལ་བཏབ་པ་སྟེ།
         སློབ་གསོའི་དབུལ་སྐྱོར་ལ་གནད་ལ་སྨིན་པའི་ཤུགས་རྒྱག་དགོས།
         སི་ཁྲོན་ཞིང་ཆེན་ལེང་ཧྲན་ཀྲོའུ་ཤོན་ཡ་གྲོང་ཚོའི་ཕྲུ་གུ་ཚོ་དཀའ་ཚེགས་ཆེ་བའི་ལམ་བུ་བརྒྱུད་ནས་སློབ་གྲྭར་བསྐྱོད་པའི་གནས་ཚུལ་དེས་མི་རྣམས་ལ་སྤྲོ་སྣང་བྱིན་མེད་ཅིང་། དེ་ལས་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དཀའ་གནད་མཐོང་ཐུབ། དབུལ་སྐྱོར་ཐད་སྔོན་ལ་རིག་སྐྱོར་བྱེད་དགོས་པ་དང་དབུལ་བཅོས་ཐད་སྔོན་ལ་རྨོངས་པ་བཅོས་ཏེ་ས་ཁུལ་དབུལ་པོའི་ཕྲུ་གུས་སློབ་གསོ་བཟང་པོ་དང་ལེན་ཐུབ་པ་བྱ་རྒྱུ་དེ་ནི་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་གལ་ཆེན་ཞིག་རེད་ལ། བུ་རབས་ཚ་རྒྱུད་ནས་དབུལ་ཕོངས་མེད་པར་བཟོ་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།
          སློབ་གསོའི་དབུལ་སྐྱོར་ཐད་གནད་ལ་སྨིན་པའི་ཤུགས་ཇི་ལྟར་འདོན་དགོས་སམ་ཞེ་ན། ཁྲེན་པའོ་ཧྲེང་གིས་གནད་དོན་བཞི་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་སྟེ། གཅིག་ནི་དངུལ་གྱི་གནད་དོན་ཡིན་ཞིང་། ངེས་པར་དུ་མ་དངུལ་གཏོང་ཚད་མང་དུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་མའི་རོགས་དངུལ་ས་ཁུལ་དབུལ་པོ་དང་ཁྱིམ་ཚང་དབུལ་པོར་གཟིགས་སྐྱོང་བྱེད་དགོས་པ་དང་། གཉིས་ནི་གྲངས་ཀའི་གནད་དོན་ཡིན་ཞིང་། ས་ཁུལ་དབུལ་པོའི་སློབ་མཚམས་ཁག་ཏུ་མི་ག་ཚོད་ཡོད་པ་དང་རང་ངོས་ཀྱི་དགོས་མཁོ་མི་འདྲ་བས་གནད་སྨིན་རོགས་རམ་བྱེད་དགོས་ན་གྲངས་ཀའི་ཚད་གཞི་དེ་དག་གནད་ལ་འཁེལ་བ་བྱེད་དགོས། གསུམ་ནི་བྱ་བའི་གནད་དོན་ཡིན་ཞིང་། བྱ་བ་ངེས་པར་དུ་དོན་ཐོག་ཏུ་འཁྱོལ་ཚེ་གཞི་ནས་ཕན་འབྲས་ཐོན་ཐུབ། བཞི་ནི་མིའི་གནད་དོན་ཡིན་ཞིང་། སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་མཁན་མི་ཚང་མ་འཇོན་ཐང་ཅན་ཡིན་དགོས།
          སློབ་ཆེན་རྩེ་གྲས་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་བྱེད་དགོས།
          སློབ་གསོ་དར་ན་རྒྱལ་ཁབ་སྟོབས་འབྱོར་ལྡན། མཐོ་སློབ་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ནི་རྒྱལ་ཁབ་གཅིག་གི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། 2015ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་བསྐྲུན་རྒྱུར་གཅིག་འདོམས་སྐུལ་འདེད་གཏོང་རྒྱུའི་སྤྱིའི་ཇུས་གཞི་》པར་འགྲེམས་བྱས་ཚུན“རྩེ་གྲ་གཉིས”སློབ་གསོའི་ཁྱབ་ཁོངས་ཀྱི་དར་སོའི་ཚིག་ཏུ་གྱུར་ཡོད།
         “རྩེ་གྲ་གཉིས”ནི“985”དང“211”གི་པར་སློག་ཡིན་ནམ། དོགས་གཞི་དེར་དམིགས་ནས། ཁྲེན་པའོ་ཧྲེང་གིས“རྩེ་གྲ་གཉིས”ཡིག་འབྲུ་བརྒྱད་ལ་གཏན་འཁེལ་ཆོག་པའི‘ཀྲུང་གོའི་ཁྱད་ཆོས། འཛམ་གླིང་རྩེ་གྲ’ཡིན་པ་ལས‘985 ’དང‘211’གི་པར་སློག་མིན་ལ་རིམ་འཕར་གྱི་པར་མ་དེ་བས་མིན། ‘རྩེ་གྲ་གཉིས’ནི་འཆར་གཞི་གསར་པ་ཞིག་ཡིན་པ་དང་ལོ་རྒྱུས་ཀྱི་རླབས་རྒྱུན་གསར་པའི་འོག་འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་བསྐྲུན་རྒྱུའི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་དེ་རེད”ཅེས་གསུངས།
         རྒྱལ་ཁབ་ཆེ་མོའི་ལག་ཤེས་པ་སྐྱེད་སྲིང་བྱ་རྒྱུ་ནི་ལས་རིགས་སློབ་གསོར་རྟེན་དགོས།
          “ལག་ཤེས་པའི་སྙིང་སྟོབས”སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བྲིས་ཡོད་པས“རྒྱལ་ཁབ་ཆེ་མོའི་ལག་ཤེས་པར”སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱ་རྒྱུ་དང་འབྲེལ་རང་རྒྱལ་གྱི་ལས་རིགས་སློབ་གསོར་ཡང་འཕེལ་རྒྱས་ཀྱི་དཔྱིད་ཀ་ཤར་རྒྱུ་རེད། ད་ཕན་ལོ་ཤས་རིང་ལས་རིགས་སློབ་གསོ་ནས་ལོ་ལྟར་སློབ་མ་ཁྲི་ཆིག་སྟོང་ཙམ་ཐོན་གྱི་ཡོད་པ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཟམ་མི་ཆད་པའི་རྒྱབ་སྐྱོར་མཁོ་འདོན་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།