འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་འདེགས་ནུས་ལྡན་བྱས་ནས་ས་ཁུལ་འཕེལ་རྒྱས་ནང་མཉམ་
    འདྲེས་ཡོང་བ་བྱེད་དགོས་པ་ཀྲུང་གོའི་འཐུས་མིས་འབོད་སྐུལ་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཝུའུ་ཧའེ་ཐའོ་ཡིས་ཉེ་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས་བཅས་ཁྱབ་ཁོངས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་རྒྱབ་སྐྱོར་མཁོ་འདོན་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་འདེགས་ནུས་ལྡན་བྱས་ཏེ་ས་ཁུལ་འཕེལ་རྒྱས་ནང་མཉམ་འདྲེས་ཡོང་བ་བྱེད་པའི་འབོད་སྐུལ་གནང་བ་རེད།
         ཝུའུ་ཧའེ་ཐའོ་ཡིས་ཉིན་དེར་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་ལག་བསྟར་ཧུར་ཐག་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་འོས། ཨ་ཧྥུ་ཀ་ནི་སི་ཐན་ལ་ཐོན་ཁུངས་དང་གནས་ཡུལ་གྱི་ལེགས་ཆ་ལྡན་པས་ས་ཁུལ་དཔལ་འབྱོར་མཉམ་ལས་ནང་ཞུགས་པར་མདུན་ལམ་ཆེན་པོ་ལྡན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་དེ་བཞིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ནང་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ཁས་ལེན་གང་ལེགས་གནང་ཡོད་པས། འབྲེལ་ཡོད་ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་ནས་ས་ཁོངས་དཔལ་འབྱོར་མཉམ་ལས་དང་དེ་བཞིན་ཕན་ཚུན་མཉམ་འབྲེལ་དང་ཕན་ཚུན་ སྤེལ་རེས་བྱ་རྒྱུར་ཤུགས་སྣོན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་བཏོན་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཝུའུ་ཧའེ་ཐའོ་ཡིས་ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དུས་བབ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་རིགས་མཐུན་འགྲིག་གི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག་ཨ་ཧྥུ་ཀ་ནི་སི་ཐན་ལ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རོགས་བྱ་རྒྱུའི་འབོད་སྐུལ་ཡང་གནང་བ་རེད།
         ཝུའུ་ཧའེ་ཐའོ་ཡིས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་མུ་མཐུད་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱེད་རོགས་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་དང་ཆབས་ཅིག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཡང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་དང་མཐུན་འགྲིག་གི་འཕེལ་རིམ་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་ཆབས་ཅིག་ཨ་ཧྥུ་ཀ་ནི་སི་ཐན་དང་། ཕ་ཁི་སི་ཐན། ཀྲུང་གོ ཨ་རི་བཅས་ཕྱོགས་བཞིའི་མཐུན་སྦྱོར་ཚོགས་ཆུང་དང་དེ་བཞིན་འབྲེལ་ཡོད་ལམ་སྲོལ་གཞན་དག་བརྒྱུད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ས་ཁོངས་མཉམ་ལས་ནང་མཉམ་འདྲེས་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་ཆབས་ཅིག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཐུབ་རེ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཨ་ཧྥུ་ཀ་ནི་སི་ཐན་ལ་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་སྔ་ཙམ་ཡོང་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།