འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ད་ཆ་ནི་ལོ་རེའི་ཚོགས་འདུ་གཉིས་འཚོག་པའི་སྐབས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་སྦྲགས་ཧྲང་ཧའེ་འཐུས་མི་ཚོགས་པ་དང་། ཧེ་ལུང་ཅང་འཐུས་མི་ཚོགས་པ། ཧུའུ་ནན་འཐུས་མི་ཚོགས་པ། མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་མ་ཟད། བཅིངས་འགྲོལ་དམག་འཐུས་མི་ཚོགས་པའི་ཚང་འཛོམས་ཚོགས་འདུར་ཞུགས་ནས་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
           ལོ་གཅིག་རིང་། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས“དངོས་འཛིན”དང“དངོས་སྒྲུབ”ལ་དམིགས་ནས་རང་འགན་གཙང་སྒྲུབ་ངང་དངོས་ཕན་ཐོབ་པར་བྱས་ཏེ་དུས་བབ་བཟང་པོ་དང་མི་དམངས་ཀྱི་རེ་འདུན་ཆུད་ཟོས་སུ་བཏང་མེད།
         ཨུ་ཡོན་པེ་ཀྲུང་ཨེན(ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ)
         ན་ནིང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་དབང་ལམ་ལུགས་གྱི་དཔལ་འབྱོར་བློ་བརྟན་འགྱུར་མེད་ངང་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ལྕག་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས་པའི་ནན་གསུང་གནང་ཞིང་། ལོ་གཅིག་རིང་རང་ཉིད་《བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་བཞིན་བདག་དབང་ལ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར་》གྱི་མ་ཟིན་འགོད་པའི་གྲོས་བསྡུར་ནང་ཞུགས་པས་རྒྱལ་ཁབ་ཀྱིས་བདགདབང་སྲུང་སྐྱོང་ལ་མཐོང་ཆེན་པོ་གནང་ལུགས་དངོས་སུ་ཚོར་བྱུང་ལ། སླད་ཕྱིན་བསམ་འཆར་དེ་ལག་ལེན་བསྟར་རྗེས་ཁེ་ལས་མཁས་པའི་སྙིང་སྟོབས་འཕེལ་བ་དང་། ཁེ་ལས་མཁས་པའི་འཇོན་ཐང་མོ་ངོམས་རྒྱུར་ཕན་པ་ཐོན་ཏེ་དཔལ་འབྱོར་གྱི་གསོན་ཤུགས་རྒྱས་ནས་དཔལ་འབྱོར་རྒྱུན་སྲིང་འཕར་བའི་སྒུལ་ཤུགས་སུ་གྱུར་ཏེ་ཀྲུང་གོའི་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་མྱུར་པོ་འགྲོ་སྒྱུར་་ཕན་པ་ཏན་ཏན་ཐོན་ངེས་ཡིན་པའི་ཡིད་ཆེས་སྐྱེས་བྱུང་།
           འཐུས་མི་ཤང་ཕིང་ཧྭ(ཧུའུ་ནན་ཞིང་ཆེན་ཀྲང་ཅ་ཅེ་གྲོང་ཁྱེར་ཚི་ལི་རྫོང་ལུང་ཐན་ཧོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི)
          དཀའ་བའི་ལས་ལ་མ་གཞོལ་ན། ཞིམ་པའི་ཟས་ལ་རོལ་ཅེས་པ་ལྟར་གྲུབ་འབྲས་ཚང་མ་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཡིན། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། དམངས་འཚོའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་གསུང་གནང་ཞིང་། ལོ་དེར་ང་ཚོའི་ལུང་ཐན་ཧོ་གྲོང་རྡལ་གྱི་རྣམ་པ་གསར་རྐྱང་དུ་གྱུར། ང་ཚོས་ཐག་རིང་ལུང་ཁུག་གི་རི་གྲོང་དུ་སློབ་ཆུང་འཛུགས་རྒྱུ་དེ་ལས་ཀའི་གཙོ་གནད་ལ་བརྩིས་ནས་རྣམ་གྲངས་དང་མ་དངུལ་བརྩོན་ལེན་བྱས་ཏེ་སློབ་ཆུང་མང་པོ་བསྐྲུན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་གྲོང་རྡལ་གྱི་ཅིང་ཕིང་ཁུལ་དུ་དབུལ་སྐྱོར་གནས་སྤོ་བྱས་ཏེ་སྤོ་ཐུབ་པ་དང་། སེམས་གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བྱས་ཤིང་། ན་ནིང་ལོ་མཇུག་ཏུ་དུད་ཚང་སུམ་ཅུ་སོ་གཉིས་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་སྒོ་ཁར་བཀྲ་ཤིས་ཆ་ཡིག་སྦྱར་ནས་དགའ་སྤྲོའི་ངང་ལོ་གསར་བཏང་ཡོད།
          འཐུས་མི་པི་ཧྲེང་ཀྲུང(མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཅོག་རོང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི)
          ན་ནིང་ཕྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་ཅོག་རོང་གྲོང་ཚོའི་མི་རིགས་མཐུན་སྒྲིལ་བཟང་བ་དང་། སྣོད་བཅུད་སྲུང་སྐྱོང་བཟང་བ། མི་སེར་གྱི་འཚོ་བ་བཟང་བའི“བཟང་པོ་གསུམ་ལྡན”སྐོར་སྙན་སེང་ཞུས་པ་ཡིན། ལོ་དེར་ང་ཚོའི་གྲོང་ཚོར“ཡར་ངོའི་ཟླ་བཞིན་འཕེལ་བའི”འགྱུར་ལྡོག་བྱུང་ཡོད་ཅེས་བཤད་ཆོག ཆུ་ཁུངས་སྲུང་སྐྱོང་ཡག་པོ་བྱ་ཆེད། སྦགས་བཙོག་ཆེ་བའི་ཁེ་ལས་སྒོ་བརྒྱབ་པ་དང་ལས་མཚམས་བཞག་པ་དང་། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཅིག་སྡུད་ཐོག་དེང་རབས་ཅན་གྱི་གཙང་སེལ་དང་དྭངས་གསིང་དབྱེ་བ། ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱེད་བཞིན་ཡོད། ཡིན་ནའང་ང་ཚོ་མཚོ་སྔོན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་སྔར་བཞིན་ཅུང་རྗེས་སུ་ལུས་པས་རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཤུགས་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཞིང་འབྲོག་ལས་དེང་རབས་ཅན་དུ་འགྱུར་མགྱོགས་སུ་འགྲོ་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་བ་དང་། ཞིང་འབྲོག་པར་སྣེ་ཁྲིད་ཀྱིས་མུ་མཐུད་འབབ་འཕར་ཡོང་བའི་རེ་བ་ཡོད།
          འཐུས་མི་ཝང་ན(བཅིངས་འགྲོལ་དམག་དམག་དོན་འགྲིམ་འགྲུལ་སློབ་གླིང་རླངས་འཁོར་བཀོད་འདོམས་ཚན་ཁག་ལྟ་སྦྱོང་སྦྱོང་བརྡར་ལྟེ་གནས་ཀྱི་ལག་རྩལ་ཆེ་མོ་བ)
          ན་ནིང་ཚོགས་འདུ་གཉིས་ཀྱི་རིང་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་གསར་གཏོད་རྣམ་པའི་དམག་དོན་ཤེས་ལྡན་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་ནན་གསུང་གནང་ཞིང་། དམག་དཔུང་སློབ་གླིང་གི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཕྲན་གྱི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། ལོ་དེར་སློབ་གླིང་གི་ཏང་ཨུད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་སློབ་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ཀྱིས་སྣེ་ཁྲིད་པ་དང་སྒྱུར་བཅོས་དོན་འཁྱོལ་གནད་སྨིན་ཡོང་བར་དམ་འཛིན་བྱས་པས་སློབ་གླིང་ཡོངས་ཀྱི་སློབ་གཉེར་གྱི་སྤུས་ཚད་དང་ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་ཕྲན་ཡང་ཕྱོགས་ཁག་གི་གསོ་སྦྱོང་ནང་ཧུར་ཐག་ཞུགས་ནས་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་བཏང་བ་ཡིན། སླད་ཕྱིན་རང་ཉིད་ཀྱིས་རང་འཁྲིའི་ལས་གནས་ཐོག་བྱས་རྗེས་སྔར་བས་ཡག་པོ་བཞག་ནས་ཏང་ཡོན་དང་དམག་མིའི་མིག་དཔེ་བཟང་པོ་འདོན་རྒྱུ་ཡིན།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།