འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་འགྲན་སློང་འགྲན་བསྡུར་ནང་བོད་ལྗོངས་ཀྱི་བུད་མེད་འགྲན་
    ཞུགས་པས་ཨང་གསུམ་པ་བླངས་ཏེ་ལོ་རྒྱུས་ཐོག་གི་གྲུབ་འབྲས་བཟང་ཤོས་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་27ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    པད་མ་གཡང་སྒྲོན་(གཡས་ཀྱི་གསུམ་པ)གྱིས་བྱ་དགའ་ལེན་པ།
    པད་མ་གཡང་སྒྲོན་(གཡས་ཀྱི་གསུམ་པ)གྱིས་བྱ་དགའ་ལེན་པ།
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་24ཉིན་2017ལོའི"སོའུ་ཧུའུ་བུམ་པ"ཡི་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་འགྲན་སློང་འགྲན་བསྡུར་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཁྲུང་ལི་རྫོང་གི་ཝན་ལུང་གངས་ཤུད་ར་བར་མཇུག་བསྒྲིལ་ཞིང་། བོད་ལྗོངས་ཀྱི་འགྲན་ཞུགས་པ་པད་མ་གཡང་སྒྲོན་ཐེངས་དང་པོར་འགྲན་བསྡུར་ལ་ཞུགས་པ་ཡིན་ཡང་། བུད་མེད་ཆེད་ལས་ཚོགས་ཆུང་གི་མི་སྒེར་གྱི་ལྗོངས་ཕྱིའི་མྱུར་ཚད་འགྲན་བསྡུར་ནང་ཨང་གསུམ་པ་བླང་ནས་རྒྱལ་ཡོངས་གངས་ཤུད་རི་འཛེག་འགྲན་བསྡུར་ཁྲོད་བོད་ལྗོངས་ཀྱི་ལུས་རྩལ་པས་ལོ་རྒྱུས་ཐོག་གི་གྲུབ་འབྲས་བཟང་ཤོས་གསར་དུ་བཏོད་པ་རེད།
        ལོ་19ལ་སོན་པའི་པད་མ་གཡང་སྒྲོན་ནི་བོད་ལྗོངས་རི་འཛེག་སློབ་གྲྭའི་ཁག་དགུ་པའི་སློབ་མ་ཡིན་ལ། ད་ལོའི་ཟླ་དང་པོ་ནས་བཟུང་གངས་ཤུད་རི་འཛེག་ལུས་རྩལ་ལ་ཞུགས་ཞིང་། ཁོ་མོས་ཟླ་བ་གཅིག་རིང་སྦྱོང་བརྡར་བྱས་པ་ཙམ་གྱིས་རྒྱལ་ཡོངས་ཀྱི་གདོང་ལེན་འགྲན་ཞུགས་པའི་གྲས་སུ་ཚུད་པས། ཐེངས་འདིའི་འགྲན་བསྡུར་ཁྲོད་ཀྱི་གསར་ཐོན་ཕུལ་བྱུང་ཅན་ཞིག་ཏུ་གྱུར་པ་རེད། པད་མ་གཡང་སྒྲོན་སྣེ་འཁྲིད་བྱས་ཏེ་སྦྱོང་བརྡར་བྱེད་མཁན་བོད་ལྗོངས་རི་འཛེག་རུ་ཁག་གི་རྩལ་འཁྲིད་པ་ངག་དབང་བཀྲ་ཤིས་ཀྱིས་ཟུངས་ནུས་རྒྱས་པ་དང་། ཡར་རྒྱས་མྱུར་བའི་ཡོ་བྱད་བཀོལ་སྤྱོད་བྱེད་ནུས་ལྡན་པ་དེ་ནི་པད་མ་གཡང་སྒྲོན་གྱིས་གྲུབ་འབྲས་བཟང་པོ་ལེན་པའི་གནད་འགག་ཆེ་བ་རེད་ཅེས་བསྟན་པ་རེད།
          ཐེངས་འདིའི་འགྲན་བསྡུར་ནི་ཐད་ཤུད་མྱུར་ཚད་འགྲན་བསྡུར་དང་། བར་ཐག་ཐུང་བའི་འགྲན་བསྡུར། མི་སྒེར་གྱི་ལྗོངས་ཕྱིའི་མྱུར་ཚད་འགྲན་བསྡུར་བཅས་ཀྱི་འགྲན་ཚན་གསུམ་ཡོད་ཅིང་། འགྲན་ཚན་རེར་སྐྱེས་པ་དང་བུད་མེད་ཀྱི་ཚོགས་ཆུང་གཉིས་སུ་བགོས་ཡོད་པ་རེད།
         གངས་ཤུད་རི་འཛེག་ནི་གངས་ཤུད་དང་གངས་རིར་འཛེག་པའི་ཕྱོགས་བསྡུས་རང་བཞིན་ལྡན་པའི་དགུན་དུས་ལྗོངས་ཕྱིའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། འགྲན་ཞུགས་པའི་ལུས་ཤུགས་དང་། གངས་རིར་འཛེག་པའི་རྩལ་ནུས། གངས་ཤུད་ཀྱི་ཕྱོགས་བསྡུས་ནུས་པ་བཅས་ཀྱི་ནུས་རྩལ་ཧ་ཅང་ཆེན་པོ་དགོས་པ་ཞིག་རེད།
    འགྲན་རའི་མཇུག་ཏུ་འབྱོར་བ།
    འགྲན་རའི་མཇུག་ཏུ་འབྱོར་བ།
      

    ཕྱོགས་བསྡུས་གསར་འགྱུར།