འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བྱ་ལོར་བྱའི་སྐོར་བཤད་པ།

    ཆུང་བདག་གིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་27ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           བྱ་རིགས་ནི་འཛམ་གླིང་ཧྲིལ་པོར་ཁྱབ་པ་དང་རིགས་མང་ལ་སྐྱེ་དངོས་སྣ་མང་ཅན་ཞིག་ཡིན་པ་མ་ཟད། མིའི་རིགས་དང་འབྲེལ་འདྲིས་ཆེ་བའི་སྲོག་ཆགས་ཤིག་ཡིན། དེར་གཙོ་བོ་སྐམ་སར་འཚོ་བ་དང་ཆུ་བྱ་རིགས་ཆེན་པོ་གཉིས་ཡོད་ཅིང་། གཙོ་བོ་རྩི་ཐོག་བཟས་ནས་འཚོ་བ་དང་། བྱ་རྒོད་དང་ཁ་ཏྭ་སོགས་ཀྱིས་མི་དང་དུད་འགྲོའི་ཤ་ཡང་བཟའ་གི་ཡོད།
            དཔྱད་གཞིའི་ཡིག་རིགས་ལྟར་ན་འཛམ་གླིང་ཐོག་ཁྱོན་བྱ་རིགས་9000ལྷག་ཙམ་ཡོད་པ་དང་རང་རྒྱལ་དུ་རིགས་1300ལྷག་ཙམ་ཡོད་པ་རེད། ཁྱད་པར་དུ་མཚོ་བོད་མཐོ་སྒང་ནི་ས་ཁམས་ཀྱི་གནས་བབ་དམིགས་བསལ་ཆེ་བར་བརྟེན་བྱ་རིགས་ཀྱང་ཕུན་སུམ་ཚོགས་པོ་ཡོད་སྟབས། རང་ལྗོངས་སུ་རྒྱལ་ཁབ་ཀྱི་IIརིམ་པའི་བྱ་རིགས་69ཡོད་པ་དང་དེ་ཁར་བོད་རང་སྐྱོང་ལྗོངས་ཀྱིས་IIརིམ་པའི་བྱ་རིགས་ཁག་3ཁ་སྣོན་བྱས་ཤིང་། འབྲེལ་ཡོད་མི་སྣའི་ངོ་སྤྲོད་ལྟར་ན་བོད་ལྗོངས་སུ་རང་བྱུང་གི་ཆ་རྐྱེན་དང་མི་རྣམས་ཀྱི་འདུ་ཤེས། དེ་བཞིན་གནམ་གཤིས་སོགས་བྱ་རིགས་སྐྱེ་འཕེལ་ལ་དགེ་མཚན་ཆེན་པོ་ལྡན་པས། རང་ལྗོངས་ཀྱི་བྱ་རིགས་སྐྱེ་འཕེལ་དང་སྲུང་སྐྱོང་གི་གནས་ཚུལ་སྤྱིར་ན་ལེགས་པོ་ཡོད་པ་རེད།
           བོད་མི་རིགས་ཀྱིས་སྔར་ནས་བཟུང་བྱ་རིགས་ལ་ཉམས་ཞིབ་ཆེན་པོ་བྱེད་ཀྱི་ཡོད་ལ། ལྷག་དོན་དུ་སྐར་རྩིས་རིག་པའི་ནང་ཟླ་བ་གང་ལ་བྱ་གང་སླེབས་ཀྱི་ཡོད་པ་དང་ཁུ་བྱུག་གི་སྐད་ག་དུས་གྲགས་མིན། བྱ་ཁ་ཤས་ཀྱི་ཚང་བཟོ་བའི་དུས་ཚོད། བྱ་ཕྲུག་བཙའ་དུས་སོགས་ལ་བསྟུན་ནས་ནམ་ཟླའི་འཕོ་འགྱུར་དང་སོ་ནམ་དུས་ཚོད་སོགས་གཏན་འཁེལ་བྱེད་ཀྱི་ཡོད་པ་དང་བྱ་རིགས་ཀྱི་སྐད་རྒྱག་སྟངས་ལ་གཞིགས་ནས་བཀྲ་ཤིས་མིན་གྱི་བརྟག་པའི་སྲོལ་ཡང་མཆིས། ད་དུང་དམངས་ཁྲོད་དུ་བྱ་ཡི་རྒྱལ་པོ་ནི་ཁུ་བྱུག་ཏུ་ངོས་འཛིན་པ་དང་དབྱར་སྟོད་དུ་ཁུ་བྱུག་གི་སྐད་ཐོག་མར་ཐོས་སྐབས་ལ་གཞིགས་ནས་མི་སོ་སོའི་ལོ་གཅིག་གི་དལ་བྲེལ་སོགས་བརྟག་པ་རེད། བྱ་རིགས་ལ་ཁྲིམས་དམ་པོ་ཡོད་པར་གྲགས་ཅིང་། ལོ་རེ་རེར་ལྷོ་ཁའི་ཡར་ཀླུང་དུ་དུས་ཚོད་དང་གནས་གཏན་འཁེལ་གྱིས་བྱ་རིགས་ཀྱི་ཚོགས་འདུ་རེ་འཚོགས་ཀྱི་ཡོད་པ་མ་ཟད། ཚོགས་འདུ་ཚར་རྗེས་མི་རྣམས་ལྟ་བར་སྐྱོད་སྐབས་བྱ་ལ་ལའི་སྤུ་བཏོག་པ་དང་། ལ་ལའི་རྐང་ལག་ལ་རྨས་སྐྱོན་བཏང་བ། ལ་ལའི་སྐེ་བཅད་པ་སོགས་དངོས་སུ་མཐོང་རྒྱུ་ཡོད་པར་གྲགས། ད་དུང་བྱ་ཁྲིམས་ཧ་ཅང་དམ་ལ་བྱ་ཁྲིམས་དང་མིའི་འཇིག་རྟེན་དབར་འབྲེལ་བ་ཟབ་པོ་ཡོད་པའི་ངོས་འཛིན་གྱིས་བྱ་ཁྲིམས་ཞིག་ན་མི་ཁྲིམས་ཞིག་ཅེས་པའི་གཏམ་དཔེ་ཡང་ཁྱབ་ཡོད་པ་རེད། ལྷག་དོན་ལོ་ལྟར་བྱ་རྒྱལ་ཁུ་བྱུག་ཐོག་མར་བོད་ལ་ཡོང་སྐབས་ཡར་ཀླུང་གནས་གསུམ་གྱི་ཡ་གྱལ་བྱ་ས་ལྷ་ཁང་དུ་འབབ་ཀྱི་ཡོད་པས། བོད་ས་གནས་སྲིད་གཞུང་སྐབས་སུ་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་དྲུང་སྐྱ་སེར་གཉིས་མངགས་ནས་ལྷ་ཁང་འགྲམ་གྱི་སྦྱར་སྡོང་ཆེན་པོ་ཞིག་གི་འོག་ཏུ་ཕྱེ་མར་སྒྲིག་གཤོམ་བྱེད་པ་དང་། དེར་བྱ་ཐམས་ཅད་བབས་རྗེས་ཁུ་བྱུག་གིས་དང་ཐོག་ཕྱེ་མར་བཞེས་པ་སོགས་ད་ལྟ་འཚོ་ཞིང་བཞུགས་པའི་བགྲེས་སོང་མང་པོས་བརྗོད་པ་ནི་བོད་མི་རིགས་དང་དང་བྱ་རིགས་དབར་གྱི་དམ་ཟབ་ཀྱི་འབྲེལ་བ་མཚོན་ཡོད་ལ། བོད་མི་རིགས་ཀྱིས་བྱ་རིགས་ལ་བརྩི་བཀུར་ཞུ་ལུགས་ཀྱི་དཔེ་མཚོན་ལེགས་པོ་ཞིག་ཀྱང་ཡིན། གཞན་ཡང་ང་ཚོའི་མེས་པོ་ཚོས་བྱ་ལ་ཞིབ་འཇུག་གཏིང་ཟབ་ཡོད་སྟབས་བྱ་སོ་སོའི་ཁྱད་ཆོས་དང་བཟོ་ལྟ་ཁ་མདོག་ལ་གཞིགས་ནས་མིང་ཡང་སྣ་ཚོགས་བཏགས་ཡོད་པ་དཔེར་ན། ཐང་དཀར་དུང་གི་འདབ་ཤོག་ཅན་དང་། ངང་པ་གསེར་གྱི་ཆོས་གོས་ཅན། གོང་མོ་དུང་གི་འདབ་ལོ་ཅན་ལ་སོགས་པ་དང་། ད་དུང་ངང་པ་བྱ་ཡི་ཆོས་པ་དང་། སྤུ་ཤུད་བྱ་ཡི་ཡིག་མཁན། སྐྱ་ཁྲ་བྱ་ཡི་ཤན་པ་སོགས་སུ་འབོད་སྲོལ་ཡོད།
          བོད་ཀྱི་དམངས་ཁྲོད་དུ་བྱ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཡོད་པའི་ཁྲོད་ནས་དཔེ་ཙམ་བཀོད་ན་བཀའ་རྒྱུད་ཀྱི་མེས་པོ་མར་པའི་སྲས་དར་མ་མདོ་སྡེ་ཆིབས་པས་གཡུགས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་ནས་གསོ་པའི་རེ་བ་མེད་རུང་། ཁོང་ནི་འཕོ་བ་གྲོང་འཇུག་ཤེས་མཁན་ཞིག་ཡིན་པས་གཞན་གྱི་ལུས་ལ་རྣམ་ཤེས་འཕོ་ཆོག་རུང་ཁུ་བྱུག་ཤི་རོ་ཞིག་ལས་ལུས་རྟེན་ལེགས་པ་ཞིག་མ་རྙེད་སྟབས། ཡབ་ཀྱི་ལུང་བསྟན་ལྟར་རྒྱ་གར་གྱི་དུར་ཁྲོད་བསིལ་བ་ཚལ་དུ་ལོ་བརྒྱད་ལ་སོན་པའི་བྱིས་པ་ཞིག་ཡོད་པའི་སྐུ་ཕུང་ལ་གྲོང་འཇུག་བྱས་ཤིང་། རྒྱ་གར་གྱི་སྐད་དོད་ལ་ཕུག་རོན་ལ་ཏི་ཕུ་ཟེར་བ་ལྟར་ཏི་ཕུ་སངས་རྒྱས་སྡོང་པོ་ཞེས་པའི་བླ་མ་གྲགས་ཅན་ཞིག་བྱུང་བ་མ་ཟད། ཕྱིས་རས་ཆུང་བ་སོགས་དང་འཕྲད་ནས་ཆོས་ཞུས་པའི་སྐོར་གྱི་གཏམ་རྒྱུད་ངོ་མཚར་ཆེ་ལ་ཡིད་སྐྱོ་བ་ཞིག་ཡོད། ཡང་གླིང་སྒྲུང་ནང་ཧོར་གུར་དཀར་གྱིས་བྱ་ཁྭ་ཏའི་གཏམ་ལ་ཉན་ནས་གེ་སར་བདུད་ཡུལ་དུ་སོང་ཤུལ་དུ་གླིང་གི་སེང་ལྕམ་འབྲོག་མོ་བཙན་འཕྲོག་བྱས་པས་ཧོར་གླིང་བར་གྱི་གཡུལ་འགྱེད་ཆེན་པོ་ལངས་པའི་སྐོར་བཀོད་ཡོད། དེས་མ་ཟད་ནེ་ཙོ་བུམ་པའི་གནས་བཤད་ནང་དེ་སྔོན་ཚོང་པ་ཞིག་ཚོང་ལ་ཐོན་ཁར་རང་ཉིད་ལ་གཡུ་རྩ་ཆེན་ཞིག་ཡོད་པ་དེ་སྒྲོལ་མའི་སྤྲུལ་པར་གྲགས་པའི་རང་ཁྱིམ་གྱི་ནེ་ཙོར་བཅོལ་ནས་ཚོང་ལ་ཐོན་པ་དང་། ཚོང་དཔོན་མ་འཁོར་གོང་ནེ་ཙོར་ནད་གཞི་དྲག་པོ་ཞིག་ཕོག་ནས་གསོན་རེ་བྲལ་སྟབས་ནེ་ཙོས་རང་ཉིད་ཀྱི་ལུས་ཕུང་འོག་ཏུ་གཡུ་དེ་སྦས་ནས་ཚོང་དཔོན་མ་སླེབས་བར་འགུལ་སྐྱོད་མི་གཏོང་བའི་ཁ་ཆེམས་བཞག་ནས་གྲོངས་པ་དང་། ཕྱིས་ཚོང་དཔོན་སླེབས་རྗེས་ནེ་ཙོའི་རོ་དང་། གཡུ། དེ་མིན་རིང་བསྲེལ་སོགས་མང་པོ་བླུགས་ནས་མཆོད་རྟེན་ཞིག་བཞེངས་པ་དེའི་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་གྲགས། གཞན་ཡང་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་དང་བྱ་སྤྲེལ་གཏམ་རྒྱུད་སོགས་དམངས་ཁྲོད་ཀྱི་སྒྲུང་གཏམ་མང་པོར། བྱ་རིགས་ནི་མི་ཡི་གཏམ་རྒྱུད་དང་འབྲེལ་ནས་ཡོད་པས་མ་མཐར་ཡང་ང་ཚོའི་མེས་པོ་ཚོ་ནི་བྱ་རི་དྭགས་ཀྱི་གྲོགས་པོ་ལྷད་མེད་གཅིག་ཡིན་པ་དང་། བྱ་བྱིའུ་དང་ཕན་ཚུན་འཚེ་བ་མི་བྱེད་པ་དང་སྐྱིད་སྡུག་མཉམ་མྱོང་དང་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་ཟབ་མོས་བཅིངས་པ་མཚོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།