འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མངའ་རིས་སུ་གངས་ཏི་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་འཛུགས་
    རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཉེ་ཆར་མངའ་རིས་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཧྲུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་འབོད་སྐུལ་དང་ལེན་བྱ་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས་གངས་ཏི་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་གཙོ་གནད་ཐོག་འཛུགས་རྒྱུ་ཡིན་པ་མ་ཟད། དེ་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་སྐར་ཁུང་གི་མཛེས་ལྗོངས་ཁུལ་ཞིག་ཏུ་བརྩིས་ནས་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་གྱི་འཐབ་ཇུས་དང་འཚམ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གངས་ཏི་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་གྱི་ལྟེ་བའི་ཁུལ་དེ་སྤུ་ཧྲེང་རྫོང་གི་གནས་རི་དང་བླ་མཚོ་ཡོད་སར་གནས་པ་དང་། སྤུ་ཧྲེང་རྫོང་གི་གནས་རི་དང་བླ་མཚོ་མཛེས་ལྗོངས་ཁུལ་བསྐོར་བ། རྒྱལ་ལམ་219རྒྱུད་དུ་སྔར་བས་སྣུར་སྲིང་བྱ་རྒྱུ། གུ་གེའི་ས་ཚལ་མཛེས་ལྗོངས་ཁུལ་དང་སྤང་གོང་མཚོ་མཛེས་ལྗོངས་ཁུལ་ཡང་དེའི་གཅིག་གྱུར་གསར་སྤེལ་ཁྱབ་ཁོངས་ནང་བཅུག་པ། གཞན་ཡང་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་ལ་གཞིགས་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོབ་དང་ལྟད་མོ་ལྟ་བའི་ཚོད་ལྟའི་བྱེད་སྒོ་ཡང་སྤེལ་ཆོག་གི་ཡོད་པ་རེད།
         གངས་ཏི་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་གྱི་འཆར་འགོད་དང་འབྲེལ་བའི་ཁྱབ་ཁོངས་གཙོ་བོ་ནི་ཧི་མ་ལ་ཡའི་རི་རྒྱུད་བསྐོར་བའི་འབྲེལ་ཡོད་ཁྱབ་ཁོངས་ཡིན་པ་སྟེ། ལྗོངས་ནང་ཁུལ་དུ་མངའ་རིས་ས་ཁུལ་གཙོ་བོར་བྱས་པའི་གཞིས་རྩེ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་ཁྱབ་རྒྱུ་དང་། སྤུ་ཧྲེང་རྫོང་དང་། འགྲམ་གྲོང་རྡལ། གྲོ་མོ་རྫོང་། སྐྱིང་གྲོང་རྫོང་། མཚོ་སྣ་རྫོང་བཅས་ལྷུ་ཚིགས་གཙོ་བོར་བྱ་རྒྱུ། རྒྱལ་སྤྱིའི་མཉམ་ལས་ཁྱབ་ཁོངས་ཐད་རྒྱ་གར་དང་ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་ས་འབྲེལ་ས་ཁུལ་དུ་སྣུར་སྲིང་བྱ་རྒྱུ་བཅས་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།