འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར་388བཏང་ནས་གཞུང་ལམ་
    འགྲིམ་འགྲུལ་ལེགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་གསལ། 2016ལོར་ཞིང་ཆེན་དེས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་388.36བྱས་པ་དང་། གཞུང་ལམ་ཁག་9གསར་དུ་སྐྲུན་པ་དང་ཤར་གཏོང་ཐུབ་པ། ལམ་ཐག་སྤྱི་ལེ་2986གསར་འཕར་བྱུང་བ་བཅས་ལས་བོད་རིགས་ས་ཁུལ་གྱི་འབྲོག་པ་ཕྱིར་བསྐྱོད་རྒྱུར་དེ་བས་སྟབས་བདེ་བྱུང་ཡོད་པ་རེད།
        སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་72ཟིན་པའི་མཚོ་སྔོན་ཞིང་ཆེན་དུ་བོད་རིགས་ས་ཁུལ་གྱིས་ས་ཁྱོན་90%ལྷག་བཟུང་ཡོད་པ་དང་མི་འབོར་ཁྲི་570ཙམ་ཡོད་པ་མ་ཟད་ཞིང་ཆེན་དེ་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡན་ཟིན་ཡོད། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་གྲང་ངར་ཆེ་ལ་འཁྱགས་སའི་རྒྱ་ཁྱོན་ཆེ་བའི་དབང་གིས་དེ་གའི་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་དུས་ཡུན་རིང་པོའི་ནང་རྗེས་སུ་ལུས་ཡོད་པས་ཞིང་འབྲོག་པ་ཕྱིར་བསྐྱོད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད།
        མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་མ་ཅི་ཞའོ་ཡིས་2016ལོར་མཚོ་སྔོན་གྱི་ཡར་ག་ནས་ཐུན་རིན་བར་དང་། ཚྭ་ཁ་ནས་གོར་མོ་བར་སོགས་ཀྱི་གཞུང་ལམ་ཁག་9བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཞིང་ཆེན་དེའི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་7.85ཟིན་པ་དེའི་ནང་མྱུར་བགྲོད་དང་རིམ་པ་དང་པོའི་གཞུང་ལམ་སྤྱི་ལེ་3500ཟིན་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་དེ་ཡུལ་ཤུལ་དང་མགོ་ལོག་སོགས་བོད་རིགས་རང་སྐྱོང་ཀྲོའུ་6དང་འབྲེལ་མཐུད་ཐུབ་ནས་མྱུར་བགྲོད་གཞུང་ལམ་སྤྱིར་ན་བསྐྲུན་ཟིན་པ་དང་། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་འབྲེལ་མཚམས་ཁུལ་གྱི“ལམ་འབར་འབུར”དང“ལམ་ཆད་པ”དག་བསྐྱར་བཟོ་བྱས་ནས་ཤར་གཏོང་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཞིང་འབྲོག་ཁུལ་དུ་གཞུང་ལམ་སྤྱི་ལེ་7000ཙམ་གསར་བསྐྲུན་བྱས་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ་267ལ་ལམ་ཤར་གཏོང་ཐུབ་པ་དང་གྲོང་ཚོ་དབུལ་པོ་408ལ་སྣུམ་ནག་ལམ་བཏིང་བ་བཅས་ལས་ས་གནས་ཁག་གི་དབུལ་སྒྲོལ་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། མིག་སྔར། མཚོ་སྔོན་གྱི་གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་ཁྲི་6.15ཟིན་པ་དང་། ཞིང་ཆེན་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་དུ་འགྲོ་ལམ་ཤར་གཏོང་ཐུབ་ཚད་98%ལས་བརྒལ་བ། སྲིད་འཛིན་གྲོང་ཚོར་ལམ་ཤར་གཏོང་ཐུབ་ཚད་80%ལས་བརྒལ་ཡོད།
        “དེ་སྔ་ཤང་སྲིད་གཞུང་ལ་བསྐྱོད་པ་ནི་ཕྱོགས་ལ་ཐོན་པ་ལྟ་བུ་ཡིན། ཟི་ལིང་དང་། ལྷ་ས། ལན་ཀྲོའུ་བཅས་སུ་སྐྱོད་རྒྱུར་དེ་བས་དཀའ་ངལ་ཆེ། ཁྱིམ་གྱི་མི་རབས་ཁ་ཤས་གནས་འདི་ནས་ཁ་བྲལ་མྱོང་མེད”ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་སྨིན་ཐང་ཤང་གི་འབྲོག་པ་ཕག་མོ་འབྲུག་འཚོས་བཤད་ཅིང་། ཁོ་མོས་ན་ནིང་མྱུར་བགྲོད་གཞུང་ལམ་སྒོ་འགྲམ་བར་བསྐྲུན་པ་དང་གྲོང་ཚོའི་ནང་གཞུང་ལམ་ཤར་གཏོང་ཐུབ་ཡོད་ཅེས་བརྗོད་བྱུང་། ཁོང་ཚོའི་ཁྱིམ་གྱིས་ལག་བརྒྱུད་རླངས་འཁོར་ཞིག་ཉོས་པས་སླད་ཕྱིན་ཕྱོགས་ལ་ཡང་ཡང་ཐོན་རྩིས་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་མཚོ་སྔོན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བྱེད་ཤུགས་རྒྱུན་མཐུད་ངང་མང་དུ་བཏང་ནས་སྒོར་དུང་ཕྱུར་426ཟིན་ཐུབ་རེ་ཡོད་པ་མ་ཟད། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གཙོ་གནད་ཐོག་རིམ་སྤོར་སྒྱུར་བཀོད་བྱེད་མགྱོགས་སུ་བཏང་ནས་ཞིང་ཆེན་ནས་ཐོན་པའི་ལམ་བུ་དང་དེ་བཞིན་གྲོང་གསེབ་ཀྱི་གཞུང་ལམ་ལས་གྲྭ་ཁག་གཅིག་ལེགས་གྲུབ་བྱ་རྒྱུ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།