འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མར་ཁེ་སིའི་འཁྲུངས་ཡུལ་དུ་འཇིམ་བརྙན་བཞེངས་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་དང་པོར་ངས་དད་གུས་དང་། ཡིད་སྨོན། ཕུགས་འདུན་དང་ཕུགས་བསམ། ལས་འགན་དང་འགན་འཁྲི་བཅས་འཆང་བཞིན་མར་ཁེ་སིའི་འཁྲུངས་ཡུལ་དུ་བསྐྱོད་པ་ཡིན། ངས་འཇར་མན་ཕྱོགས་ཀྱི་གདན་ཞུས་ལྟར་མར་ཁེ་སིའི་འཇིམ་བརྙན་བཞེངས་པ་ཡིན། འཇིམ་བརྙན་དེ་2018ལོའི་ཟླ་5ཚེས་5ཉིན་མར་ཁེ་སི་འཁྲུངས་ནས་ལོ་200འཁོར་བའི་དུས་སུ་བརྗིད་ཆེའི་འཁྲུངས་ཡུལ་ཐེ་ལེར་གྲོང་ཁྱེར་དུ་བསླང་རྒྱུ་རེད།
        ཐེ་ལེར་གྲོང་ཁྱེར་ནི་འཇར་མན་གྱི་ཆེས་གནའ་བོའི་གྲོང་ཁྱེར་གྲས་ཤིག་ཡིན། ལོ་ཉིས་སྟོང་ལྷག་ཙམ་གོང་གི་རོ་མའི་དུས་སྐབས་ནས་འཛམ་གླིང་ཀུན་དུ་སྐད་གྲགས་ཡོད།
        ང་དང་འཚམས་འདྲི་ཚོགས་པའི་ཞུའེ་ལེང་བཅས་པའི་མི་བཞིས་སྤྲོ་སེམས་ཀྱིས་ཁེངས་པའི་ཐེ་ལེར་གྲོང་ཁྱེར་གྱི་ཧྲི་ཀྲང་ལའེ་པོ་དང་ཧྲི་ཀྲང་གཞོན་པ་ལུའུ་ཏེ་ཝེ་ཤིས་ཀྱི་ཕེབས་རོགས་འོག་གྲོང་ཁྱེར་སྲིད་གཞུང་ནས་ཐོན་ཏེ་རྐང་ཐང་མར་མར་ཁེ་སིའི་བཞུགས་གནས་སུ་བསྐྱོད་པ་ཡིན། ཁེར་རྐྱང་གི་ཐོག་ཁང་བ་གམ་ཅན་ཆུང་ཆུང་དེའི་ནང་མར་ཁེ་སིའི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་འགྲེམས་སྟོན་བྱས་འདུག པར་རིས་འབོར་ཆེན་ལས་འབྱོར་མེད་གྲལ་རིམ་གྱི་བསམ་པའི་གཙོ་འཛིན་དང་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་སྔོན་བྱོན་པ་དེ་ཉིད་ཀྱི་སྐབས་དེ་དུས་ཀྱི་སྤྱི་ཚོགས་བྱེད་སྒོ་དང་དེས་འཛམ་གླིང་ཐོག་སྙན་གྲགས་ཆོད་པ་ཤེས་ཐུབ། མར་ཁེ་སི་འཁྲུངས་སའི་ཁང་པའི་ནང་གི་གནའ་ཉམས་དོད་པའི་གཟིམ་ཁྲི་དང་འཛིན་ཆས་དག་དང་། དེ་བཞིན་ལོ་བརྒྱ་ལྷག་ཙམ་སོང་བའི་པར་རྙིང་པ་དག་ལས། དཔེ་དེབ་དང་། སྒྱུ་རྩལ་བརྩམས་ཆོས། ང་ཚོའི་བསམ་པའི་ཞིང་ཁམས་བཅས་ནང་གནས་པའི་རླབས་ཆེན་མི་སྣ་དེ་དངོས་འབྲེལ་ད་དུང་བཞུགས་པ་ལྟར་གྱི་སྣང་བ་ཞིག་སྟེར་གྱིན་འདུག
         མར་ཁེ་སིའི་བྱིས་དུས་དང་གཞོན་དུས་ནི་ཐེ་ལེར་གྲོང་ཁྱེར་དུ་བསྐྱལ་གནང་ཞིང་དམའ་རིམ་སློབ་འབྲིང་ཐོན་རྗེས་པོ་ཨེན་སློབ་ཆེན་འགྲིམ་གནང་ཡོད། དེ་རྗེས་སླར་ཡང་པེར་ལིན་སློབ་ཆེན་དུ་བསྒྱུར་ནས་ཁྲིམས་ལུགས་སློབ་སྦྱོང་གནང་བ་མ་ཟད། མཚན་ཉིད་རིག་པ་དང་ལོ་རྒྱུས་ལ་བློ་རྩེ་གཅིག་ཏུ་གཞོལ་ནས་སློབ་སྦྱོང་གནང་ཞིང་། ཕྱིས་སུ་ཚན་རིག་སྤྱི་ཚོགས་རིང་ལུགས་གཏོད་གནང་བ་དང་། མར་ཁེ་སིའི་རིང་ལུགས་གསར་གཏོད་གནང་བ། རྒྱལ་སྤྱི་དང་པོ་བཙུགས་གནང་ནས་འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཀྱི་རླབས་ཆེན་སློབ་དཔོན་དུ་གྱུར་ཡོད།
        བཞུགས་གནས་དྲན་གསོ་ཁང་གི་ཀོན་ཀྲང་གིས་སྔར་ནས་ད་བར་འཚམས་འདྲི་གནང་མཁན་གྱི་མིང་ཐོ་སྟོན་སྐབས་ང་ཚོས་ཀྲུང་གོའི་འགོ་ཁྲིད་མི་སྣ་མི་ཉུང་བ་ཞིག་ཀྱང་དེ་སྔ་མཇལ་བར་ཕེབས་པའི་མཚན་འཁོད་མཐོང་བྱུང་། དེ་ཐོག་ནས་མར་ཁེ་སི་ཉིད་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་སེམས་ནང་གི་གནས་བབ་གལ་ཆེན་མཚོན་ཐུབ། དེས་མ་ཚད་ཁོང་འདས་རྗེས་ཀྱི་ལོ་བརྒྱ་ལྷག་ཙམ་རིང་ཁོང་གིས་བཏོན་གནང་བའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་རིན་ཐང་ལྷག་མའི་རིགས་པའི་གཞུང་ལུགས་ཀྱིས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།
        སྐབས་འདིར་མར་ཁེ་སིའི་འཇིམ་བརྙན་བཞེངས་སྟངས་ཤིག་བསམ་བློ་འཁོར་བྱུང་། ཐེ་ལེར་གྲོང་ཁྱེར་གྱི་ལས་རིགས་ཁག་གིས་འཇིམ་བརྙན་གྱི་ལོ་ཚད་དང་འཇིམ་བརྙན་བཞེངས་ས་འདེམས་པའི་ཐད་སྔ་ས་ནས་བསམ་བློ་བཏང་ཡོད་པ་རེད། བཞུགས་གནས་ལ་ལྟ་སྐོར་བྱས་རྗེས། ཧྲི་ཀྲང་གི་སྣེ་ཁྲིད་འོག་ང་ཚོ་འཁྲིས་ཀྱི་ཐང་ཆེན་ཆུང་ངུ་ཞིག་ཏུ་བསྐྱོད་ཅིང་། ཁོང་ཚོའི་རེ་བར་མར་ཁེ་སི་བྱིས་པའི་དུས་ཀྱི་འཇིམ་བརྙན་ཞིག་བཞེངས་ནས་ཐང་ཆེན་དེའི་ལྗོན་པའི་ཁྲོད་དུ་བསླངས་འདོད་ཡོད། ཀྲུང་གོའི་སྒྱུ་རྩལ་པ་གདན་དྲངས་ནས་འཇིམ་བརྙན་བཞེངས་རྒྱུའི་སྐོར་གྱི་གནས་ཚུལ་འཇར་མན་བ་ཀུན་གྱིས་སྔ་ས་ནས་ཐོས་ཡོད་སྟབས། པེར་ལིན་ནས་ཡོང་བའི་འཇར་མན་གྱི་འཇིམ་བརྐོ་བ་དང་། གསར་འགྱུར་ལས་ཁུངས་ཁག་གི་གསར་འགོད་པ། གྲོང་མིའི་འཐུས་མི། མར་ཁེ་སི་འཁྲབ་མྱོང་མཁན་སོགས་སྔ་ས་ནས་ཐང་ཆེན་དེར་འབྱོར་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འཇིམ་བརྙན་སློང་བའི་སྲོལ་རྒྱུན་ཡོད་ཀྱང་། སྤྱི་པའི་ཁོར་ཡུག་ཏུ་འཇིམ་བརྙན་སློང་བར་སྤྱི་ཚོགས་ཕྱོགས་ཁག་གི་མི་སྣ་དང་སྨྱན་སྦྱོར་གྱིས་གྲོས་བསྡུར་ཡང་ཡང་བྱས་མཐར་གྲོས་ཚོགས་ཀྱིས་འདེམས་ཤོག་འཕངས་ནས་གྲོས་འཆམ་བྱེད་དགོས།
        ཐེ་ལེར་གྲོང་ཁྱེར་གྱི་ཧྲི་ཀྲང་ལའེ་པོས་ངའི་བསམ་བཀོད་ལ་ཁས་བླངས་བྱུང་། ཧྲི་ཀྲང་གཞོན་པ་དང་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་ལུའུ་ཏེ་ཝེ་ཤིས་ཀྱིས་ཆར་པའི་ཁྲོད་ང་ཚོ་དང་མཉམ་དུ་འཇིམ་བརྙན་སློང་ས་བདམས་པ་མ་ཟད། ད་དུང་འཇིམ་བརྙན་གྱི་མཐོ་ཚད་ཐད་ཇུས་འགོད་ཀྱང་བྱས་པ་དང་། མཐར་འཇིམ་བརྙན་དེ་ཐེ་ལེར་རྟེན་རྫས་བཤམས་མཛོད་ཁང་མདུན་གྱི་ཐང་ཆེན་གྱི་ལྟེ་བར་བསླང་རྒྱུའི་ཐག་བཅད་པ་རེད།
        ཐེ་ལེར་ནས་ཐོན་པའི་སྔ་ནུབ་ཏུ། འཇར་མན་ཕྱོགས་ཀྱིས་ཨར་ཁང་གྲགས་ཅན་ཞིག་ཏུ་མར་ཁེ་སི་འཁྲུངས་ཡུལ་ནས་བསྙལ་བའི་རྒུན་ཆང་གིས་ང་ཚོར་སྐྱེལ་མ་ཞུས་བྱུང་།
        གློག་སྒྲོན་གྱི་འོག་ནས་ངས“སྐྱེས་བུ་རླབས་པོ་ཆེའི་ཕ་ཡུལ་ནི་ང་ཚོའི་དུས་གཏན་གྱི་བསམ་པའི་བརྟེན་ས་ཡིན”ཞེས་བྲིས་པ་ཡིན།
        ཐེ་ལེར་གྲོང་ཁྱེར་གྱི་ཧྲི་ཀྲང་གིས“ཁའར·མར་ཁེ་སིའི་འཇིམ་བརྙན་ནི་ཀྲུང་གོ་དང་འཇར་མན་དབར་བརྒྱབ་པའི་གསེར་གྱི་ཟམ་པ་ལྟ་བུ་ཡིན”ཞེས་བྲིས་པ་རེད།
        གུས་བཀུར་དང་། ལས་འགན། དེ་མིན་མར་ཁེ་སི་འཁྲུངས་ཡུལ་གྱི་རེ་སྒུག་དང་ལྷག་བསམ་ཟོལ་མེད་བཅས་བཅངས་ནས་ང་ཚོས་འཚམས་འདྲི་བྱེད་མཚམས་བཞག་སྟེ་རྒྱལ་ནང་དུ་ལོག་ནས་ངས་གསར་རྩོམ་གྱི་ལས་ལ་གཞོལ་བ་ཡིན།
        དོན་དམ་དུ། ཉེ་བའི་ལོ་ཤས་རིང་ངས་མར་ཁེ་སི་དང་ཨེན་ཁེ་སིའི་འཇིམ་བརྙན་མི་ཉུང་བ་ཞིག་བཞེངས་པ་ཡིན། དེས་མ་ཟད་འཇིམ་བརྙན་བཞེངས་པའི་གོ་སྐབས་སྤྱད་དེ་ཀྲུང་དབྱང་རྩོམ་སྒྱུར་ཅུས་ནས་འབྲེལ་ཡོད་ཚད་ལྡན་ཡིག་ཆ་བཀླགས་པ་དང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཐད་ཀྱི་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུས་ནས། ཨེན་ཁེ་སི་འཁྲུངས་ནས་ལོ་བརྒྱ་དང་གོ་ལྔ་འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་སྟེ་2015ལོའི་ཟླ་11ཚེས་27ཉིན་ཀྲུང་དབྱང་རྩོམ་སྒྱུར་ཅུས་ཐང་ཆེན་དུ་མཐོ་ཚད་ལ་སྨི་2.7ཅན་གྱི་རླབས་ཆེན་གྱི་མཛའ་བརྩེ་མཚོན་པའི་མར་ཁེ་སི་དང་ཨེན་ཁེ་སི་རྣམ་གཉིས་ཀྱི་འཇིམ་བརྙན་བསླངས་པ་ཡིན། ད་ཆ་གསར་རྩོམ་བྱེད་བཞིན་པའི་མར་ཁེ་སིའི་འཇིམ་བརྙན་འདི་ཐེ་ལེར་གྲོང་ཁྱེར་དུ་བསླང་རྒྱུ་ཡིན།
        ཐེ་ལེར། མར་ཁེ་སིའི་འཁྲུངས་ཡུལ། ང་ཚོའི་སེམས་ཀྱི་བརྟེན་ས། 2018ལོའི་ཟླ་5ཚེས་5ཉིན་ཏེ་མར་ཁེ་སིའི་འཁྲུངས་སྐར་ནི་འཇིམ་བརྙན་འཁྲུངས་ཡུལ་དུ་སློང་བའི་ཉིན་མོ་ཡིན། དེ་ནི་འཇར་མན་མི་དམངས་ཀྱི་བསམ་འདུན་དང་མཐུན་པ་མ་ཟད་དེང་གི་ཀྲུང་གོའི་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་དང་། འགྲོ་ལམ་གྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཀྱང་མཚོན་ཡོད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།