འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཡུལ་གཞན་དུ་གནས་སྤོའི་འདུ་འགོད་ལག་བསྟར་བྱེད་རིང་དུད་ཚང་དབུལ་
    པོས་སྒོར་4000ལས་འདོན་དགོས་བྱུང་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་06ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁང་པ་གཙང་ཞིང་འཛིན་ཆས་གྲལ་འགྲིག་པ་དང་། ཐབ་སྟེང་གི་ཧ་ཡང་ནང་ཤ་རྡོག་བཙོས་བརྒྱབ་པའི་དྲི་བསུང་འཐུལ་ཞིང་། ཆུ་ལྡིར་ནས་ཆུ་འཁོལ་བའི་རླངས་པ་འཚུབ་འཚུབ་འཕྱུར་བཞིན་འདུག བཟའ་ཟླ་དང་མནའ་མས་དགུང་ཟས་གྲ་སྒྲིག་བྱེད་པ་དང་། དྲོད་འཇམ་ཉི་འོད་ཚ་མོ་གཉིས་ཀྱི་ངོ་གདོང་ལ་འཕྲོ་བ་སོགས་ལོ་54སླེབས་པའི་ལུའེ་ཡིའུ་ཅིན་གྱི་མིག་ལ་ཇི་འདྲའི་བདེ་སྐྱིད་དང་སྤྲོ་སྣང་ལྡན་པ་ཞིག་ཏུ་སྣང་།
        ན་ནིང་ཟླ་10པར་མཚོ་སྔོན་དགོན་ལུང་རྫོང་བ་ཡན་གྲོང་ཚོ་ཡོངས་ཡུལ་གཞན་དུ་གནས་སྤོས་ཏེ་གྲོང་མི་རྣམས་རི་ཁུག་ནས་ཐང་སྡེར་དང་མུན་པ་ནག་པའི་ཁང་པ་ནས་ཡངས་ཤིང་དཀར་ཆ་དོད་པའི་ཁང་པར་སྤོས་ཡོད། “འདི་གར་སྤོས་པ་ནས་བཟུང་ཁང་པ་རྙིང་པར་ལོག་མྱོང་མེད་ལ། བློས་མི་ཐོངས་པ་ཡང་མི་འདུག”ཅེས་ལུའེ་ཡིའུ་ཅིན་གྱིས་བཤད་ཅིང་། ཁོང་གི་ཁང་པ་རྙིང་པ་རི་སྟེང་དུ་གནས་པ་དང་། ས་ཕག་གྲུབ་པའི་ཁང་པ་དེར་སྒེའུ་ཁུང་ཡང་ཆུང་ཆུང་ཞིག་ལས་མེད་པས་དཀར་ཆ་དོད་པོ་མེད། ཆུ་ལེན་སྐབས་རི་ལམ་སྤྱི་ལེ་ཁ་ཤས་སྐྱོད་དགོས་པ་དང་། གྲོང་རྡལ་དུ་འགྲོ་སྐབས་རླངས་འཁོར་མེད་པས་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས་གཞི་ནས་སླེབས་ཀྱི་ཡོད། “བ་ཡན་ཞེས་པ་ནི་ཧོར་རིགས་ཀྱི་སྐད་ཡིན་ཞིང་། འབྱོར་ཕྱུག་གི་དོན་རེད། ཡིན་ནའང་ལོ་བརྒྱ་ཕྲག་ཁ་ཤས་རིང་བ་ཡན་གྲོང་ཚོ་འབྱོར་ཕྱུག་ལམ་དུ་སླེབས་མྱོང་མེད། མིང་དེ་ནི་མེས་པོ་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱས་ཙམ་རང་རེད”ཅེས་ལུའེ་ཡིའུ་ཅིན་གྱིས་བཤད།
        ཞིང་པ་ཞིག་གི་ངོས་ནས་ཕྲུ་གུའི་འགྲོ་སྟངས་བཟོ་རྒྱུ་དང་ཁང་པ་གསར་པ་རྒྱག་རྒྱུ་ནི་མི་ཚེའི་དོན་ཆེན་གཉིས་རེད། ལུའེ་ཡིའུ་ཅིན་གཉེན་སྒྲིག་བྱས་རྗེས་ཁོང་གི་ཕ་རྒད་པོར་དཀར་ཆ་དོད་པའི་སོ་ཕག་ཁང་པ་ཞིག་རྒྱག་རྒྱུའི་བསམ་ཚུལ་དེ་རང་ལས་མེད། དེར་བརྟེན་ཕ་བུ་གཉིས་ཀྱིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་འབད་འབུངས་ལས་བརྩོན་བྱས་པས། ཕ་རྒད་པོ་མ་གྲོངས་གོང་གཞི་ནས་ཁང་པ་གསར་པ་ཞིག་རྒྱག་ཐུབ་ཡོད། ཡིན་ནའང་དེ་ནི་ཁང་པ་རྙིང་པའི་རྩིག་རྨང་ཐོག་དེ་སྔ་དང་ཁྱད་པར་ཆེན་པོ་མེད་པའི་ས་ཕག་ཁང་པ་ཁང་མིག་ལྔ་བརྒྱབ་པ་ཞིག་རང་རེད། ལུའེ་ཡིའུ་ཅིན་གྱིས“ཉི་མ་ཡོད་པའི་ཁང་པ་ཞིག་ནང་སྡོད་རྒྱུ་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་དྲན་གསོ་བཞིན་བཤད།
         བུ་ལུའེ་ཀྲི་ཁུའེ་ཡིས་དགའ་རོགས་ཚེ་རིང་གཡང་འཛོམས་ཁྱིམ་དུ་འཁྲིད་ཡོང་སྐབས་ཁོ་མོ་ཧང་སངས་ཤིང་། ཁོ་མོས“མ་ཡོང་གོང་ལུའེ་ཀྲི་ཁུའེ་ཡིས་ཁྱིམ་གྱི་འཁོས་ཀ་ཞན་པའི་སྐོར་ངར་བཤད་བྱུང་། ཡིན་ནའང་སྐྱོ་པོ་འདི་འདྲ་ཡོད་པ་ངའི་བསམ་ཡུལ་ལས་འདས་སོང་། ཐབ་ནས་དུ་བ་མང་པོ་ཁང་པའི་ནང་འཕྱུར་ཏེ་དུ་དྲི་ཟུག་པ་མ་ཟད། གྱང་ཡང་ནག་རྐྱང་ཆགས་འདུག”ཅེས་བཤད།
        “སྔ་ས་ནས་གནམ་ཆུ་སྒུག་ནས་སྡོད་པའི་ས་ཆ་དབུལ་པོ་འདི་ནས་ཁ་བྲལ་དགོས་སྙམ་བྱུང”ཞེས་ལུའེ་ཡིའུ་ཅིན་གྱིས་བཤད།
        ཁོང་ནི་དུད་ཚང་དབུལ་པོ་ཡིན་པས་མི་སྒེར་གྱིས་སྒོར་4000བཏང་བ་ལས་དེ་བྱིངས་ཚང་མ་སྲིད་གཞུང་ནས་བཏང་སྟེ་སྨི་ངོས་གྲུ་80ཟིན་པའི་སོ་ཕག་གི་ཁང་པ་ཉི་མ་ཡོད་པ་ཞིག་བསྐྲུན་ཡོད། ཁང་པར་སྒོ་ར་ཡོད་པ་མ་ཟད། རྒྱལ་སྒོའང་ཆེན་པོ་ཞིག་ཡོད་ཅིང་། སྒོའི་སྟེང་གི་བརྐོས་དཀྲོལ་ཡང་མཛེས་པོ་འདུག ཁང་པ་བསྐྲུན་རྗེས་ལུའེ་ཡིའུ་ཅིན་གྱིས་ཚེ་གང་བསགས་པའི་དངུལ་རྣམས་བཏོན་ནས་མཛེས་བཟོ་སྟབས་བདེ་ཞིག་བྱས་པ་རེད། ཚོམས་ཆེན་ནང་ཧྲ་ཧྥ་དང་ཆ་སྒམ་ཐོག་ཚུན་55ཡོད་པའི་བརྙན་འཕྲིན་ཞིག་བསྒྲིགས་འདུག ཉལ་ཁང་ནང་ཉལ་ཁྲི་དང་གློག་ཀླད་འཇོག་སྟེགས་ཆ་ཚང་ཡོད་ཅིང་། ཐབ་ཚང་ནང་ཐབ་ཆས་གང་དགོས་ཅི་ཡོད་དང་ལོ་གསར་གྱི་ཕག་ཤའང་བཏུབས་ཟིན་འདུག “འདི་ལོ་ཁང་པ་གསར་པའི་ནང་ལོ་གསར་གཏོང་རྒྱུ་ཡིན་པས་ཕག་པ་གཉིས་བསད་པ་ཡིན”ཞེས་ལུའེ་ཡིའུ་ཅིན་གྱི་བཟའ་ཟླ་པད་དབྱིངས་སྐྱིད་ཀྱིས་བཤད།
        ཁང་པ་གསར་པར་ཆུ་ཀ་ལ་ཡོད་པ་མ་ཟད། གྲོང་ཁྱེར་དུ་སྐྱོད་སྐབས་འགྲུལ་སྐྱེལ་རླངས་འཁོར་ཡང་མང་པོ་ཡོད། ལུའེ་ཡིའུ་ཅིན་གྱིས“རང་ཉིད་ཀྱིས་ཡུན་རིང་ལག་ལེན་མ་བསྟར་བའི་ཆང་བསྙོལ་ལག་རྩལ་ཀྱང་ད་ཆ་བེད་སྤྱོད་གཏོང་ས་འདུག ཟླ་10པར་ཁང་པ་སྤོས་པ་ནས་ད་བར་ཆང་བསྙལ་ནས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་རག་བྱུང་། དེ་ནི་དེ་སྔ་ངའི་ནང་མི་ཚང་མའི་ཡོང་འབབ་རེད”ཅེས་བཤད། སྐད་ཆ་ཤོད་ཞོར་དུ་ཐབ་སྟེང་དུ་བཙོས་པའི་ལུག་ཤ་གསོལ་ལྕོག་ཐོག་བསྒྲིགས་ཚར་བ་དང་། ལུའེ་ཡིའུ་ཅིན་གྱིས་རང་གིས་བསྙལ་བའི་ཆང་ཕོར་པ་གང་བཏུངས་རྗེས་ངོ་གདོང་དམར་པོར་གྱུར་བཞིན“ད་ཆ་ཕྲུ་གུ་ཚང་མ་བདེ་ཐང་ཡིན་ལ་ཁང་པ་གསར་པའི་ནང་སྐྱིད་པོ་འདུག སྲིད་གཞུང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་གསར་པ་ཤར་རྗེས་འབད་འབུངས་ཡར་བརྩོན་གྱིས་ཕྱུག་པོ་ཆགས་པ་བྱས་ཏེ་འབྱོར་འབྲིང་ལམ་དུ་ཧུར་ཐག་བསྐྱོད་རྒྱུ་ཡིན”ཞེས་བཤད་བྱུང་།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།