འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་དངོས་སུ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་གི་རྩིག་རྨང་འདིང་བའི་མཛད་སྒོ་སི་རི་ལན་ཁའི་ལྷོ་རྒྱུད་ཀྱི་ཧན་པན་ཐོ་ཐ་རུ་འཚོགས་ཤིང་། སི་རི་ལན་ཁའི་ཙུང་ལི་ཝུའེ་ཁེ་ལེ་མ་ཤིན་ཧ་དང་སི་རི་ལན་ཁ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱི་ཤེན་ལེའང་གཉིས་ཀྱིས་ཐུན་མོང་ཐོག་བཟོ་ལས་གླིང་གི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྣམ་གྲངས་ཆེ་ཤོས་དེ་དངོས་སུ་སྐྲུན་འགོ་ཚུགས་པ་མཚོན་ཡོད།
        ཝུའེ་ཁེ་ལེ་མ་ཤིན་ཧ་ཡིས་ཤིས་ཚིག་བརྗོད་སྐབས་ཀྲུང་གོས་ཧན་པན་ཐོ་ཐ་ས་ཁུལ་དུ་མ་འཇོག་བྱས་པ་མ་ཟད་དེ་བཞིན་ས་ཁུལ་དེའི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། འབྱུང་འགྱུར་ལོ་3ནས་5བར་ཀྲུང་གོས་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་ལ་མ་དངུལ་ཨ་སྒོར་དུང་ཕྱུར་50གཏོང་རྒྱུ་ཡིན་པ་དེར་ཝུའེ་ཁེ་ལེ་མ་ཤིན་ཧ་ཡིས་དེས་སི་རི་ལན་ཁའི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བརྗོད།
        དབྱི་ཤེན་ལེའང་གིས་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་གི་རྩིག་རྨང་བཏིང་བ་དེ་ཐོག་ནས་ཀྲུང་གོ་དང་སི་རི་ལན་ཁའི་མཛའ་གྲོགས་དང་ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འགོ་འཛུགས་ས་གསར་པའི་དཔང་པོ་དེ་བས་བྱེད་ཐུབ། འདི་ལོ་ནི་ཀྲུང་གོ་དང་སི་རི་ལན་ཁའི་《སྨི་ཅའོ་གྲོས་ཆོད་》བཞག་ནས་ལོ་65སོང་བའི་ལོ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོས་དཀའ་ངལ་ཆེ་བའི་སྐབས་སུ་ཆ་རྐྱེན་གང་ཡང་མ་བཏོན་པར་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་ཐོག་དཀའ་ཚེགས་ཆེ་བའི་དུས་སྐབས་སྒྲོལ་བ་ཀྲུང་གོའི་མི་དམངས་མི་རབས་མང་པོས་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོ་ངེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་སི་རི་ལན་ཁ་ཚུད་པའི་འཕེལ་རྒྱས་ཐད་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་རོགས་རམ་བྱེད་འདོད་ཡོད། འབྱུང་འགྱུར་ཧན་པན་ཐོ་ཐའི་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་གིས་སི་རི་ལན་ཁར་ལས་ཞུགས་ཀྱི་ལས་གནས་ཁྲི་10མཁོ་འདོན་ཐུབ་རེ་ཡོད་ཅེས་བཤད།
        འཆར་འགོད་ལྟར་ན་། ཧན་པན་ཐོ་ཐའི་ཀྲུང་གོ་དང་སི་རི་ལན་ཁའི་བཟོ་ལས་གླིང་གིས་ས་ཁྱོན་སྤྱི་ལེ་ངོས་གྲུ་50བཟུང་ནས་ཚོང་དོན་ཟོག་འདྲེན་ལས་རིགས་འགོ་འཛུགས་སར་བྱས་ཏེ་གྲུ་གཟིངས་ཀྱི་ཞབས་ཞུ་དང་རྒྱ་མཚོའི་ཐོན་རྫས་ལས་སྣོན་དང་ཞིང་ཞོར་ཐོན་རྫས་ལས་སྣོན་སོགས་ལས་སྣོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་ལས་གླིང་གི་གསར་སྤེལ་འཛུགས་སྐྲུན་གྱིས་སི་རི་ལན་ཁའི་ལྷོ་རྒྱུད་ས་ཁུལ་སྤྱི་ཡོངས་འཕེལ་རྒྱས་ལ་སྣེ་འཁྲིད་དང་ཁྲིད་སྟོན་ཐུབ་ནས་སི་རི་ལན་ཁར་འཛུགས་སྐྲུན་གྱི་ཟུར་བསྣན་རིན་ཐང་མཐོ་བའི་ཐོན་རྫས་ལས་སྣོན་ལྟེ་གནས་དང་། རྒྱལ་སྤྱིའི་མཁའ་འདྲེན་ལྟེ་གནས། རྒྱལ་སྤྱིའི་ཚོང་ལས་ལྟེ་གནས་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ཕན་པ་ཡོད་ལ་ཀྲུང་གོ་དང་སི་རི་ལན་ཁ་ཕྱོགས་གཉིས་པོའི་མ་འཇོག་དང་ཐོན་ནུས་མཉམ་ལས་ལ་སྔར་བས་སྐུལ་མ་གཏོང་བ་དང་གཏིང་ཟབ་ཏུ་གཏོང་རྒྱུར་རོགས་རམ་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།