འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་དུ་བསྐོ་གཞག་བྱས་པའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཀྲུའུ་ཞི་མོང་ཧུང་
    ཝུའེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་སུ་འཚམས་འདྲི་ཐེངས་དང་པོ་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན་བསྐོ་གཞག་བྱས་ནས་ཟླ་བ་གཅིག་ཙམ་ལས་མ་སོང་བའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཀྲུའུ་ཞི་མོང་ཧུང་ཝུའེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་སུ་འཚམས་འདྲི་ཐེངས་དང་པོ་གནང་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཇལ་འཛོམས་ཀྱང་གནང་བ་རེད།
          ཕན་ཅི་ཝུན་གྱིས་དང་ཐོག་མོང་ཧུང་ཝུའེ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་དབར་དུས་ཡུན་རིང་པོའི་ནང་དངོས་སྒྲུབ་མཉམ་ལས་ཧུར་ཐག་བྱས་པར་ཚད་མཐོའི་གདེང་འཇོག་ཀྱང་གནང་ཞིང་། ཕན་ཅི་ཝུན་གྱིས་འདི་ལོ་ནི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་པར་གྱུར་ནས་ལོ་20འཁོར་བའི་ལོ་ཞིག་རེད། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ནི་གོ་ལ་ཧྲིལ་པོར་གཞི་ཁྱོན་ཆེ་ཤོས་དང་གལ་འགངས་ཆེ་ཤོས་ཀྱི་སྲིད་གཞུང་དབར་གྱི་ཉེན་རྟོག་རྩ་འཛུགས་ཤིག་ཡིན་པ་དང་། རྩ་འཛུགས་དེའི་ལོ་རྒྱུས་ཐོག་གི་རྒྱལ་ཁོངས་ཀྲུང་གོའི་ཀྲུའུ་ཞི་ཐོག་མ་དེ་ཡིན་པའི་མོང་ཧུང་ཝུའེ་ལ་ཆ་མཚོན་ན། ཁོང་གི་ཕུན་སུམ་ཚོགས་པའི་ཉེན་རྟོག་ལས་དོན་དང་རྒྱལ་སྤྱིའི་མཉམ་ལས་ཉམས་མྱོང་ལ་བརྟེན་ནས་རྩ་འཛུགས་གཉིས་དབར་གྱི་མཉམ་ལས་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་སྟེ་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་ཐུབ་རྒྱུར་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས་པ་རེད།
          མོང་ཧུང་ཝུའེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་ཉིད་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཀྲུའུ་ཞིའི་འགན་ཁུར་རྒྱུར་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཕན་ཅི་ཝུན་གྱིས་དྲུང་ཆེའི་འགན་ཁུར་ཚུན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཚད་མཐོའི་གདེང་འཇོག་ཀྱང་གནང་བ་རེད།
          མོང་ཧུང་ཝུའེ་ཟླ་11པར་ཧིན་རྡུ་ཉི་ཞི་ཡར་འཚོགས་པའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཚང་འཛོམས་ཚོགས་ཆེན་ཐེངས་85པའི་ཐོག་རྩ་འཛུགས་དེའི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་ལས་འགན་ཁུར་ཡུན་ལོ་4ཡིན་པ་རེད། ཁོང་བསྐོ་གཞག་བྱས་མ་ཐག་མཉམ་འབྲེལ་རྒྱལ་ཚོགས་སུ་འཚམས་འདྲི་ཐེངས་དང་པོ་གནང་བ་དེ་ཐོག་ནས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རོགས་ཟླའི་འབྲེལ་བ་རྒྱ་ཆེར་གཏོང་རྒྱུ་དང་མཉམ་ལས་བྱེད་སྟངས་གསར་གཏོད་ཀྱི་དཔེ་དབྱིབས་བསམ་ཕྱོགས་གསར་པ་གང་ལེགས་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།