འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་ཝེའི་དབུ་བཞུགས་བློན་ཆེན་གྱིས་ནོར་ཝེ་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་
    རྒྱུའི་རེ་སྒུག་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ནོར་ཝེའི་དབུ་བཞུགས་བློན་ཆེན་སུར་པེ་ཀེས་ནོར་ཝེ་དང་ཀྲུང་གོའི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་པ་དང་སྦྲགས་ཁོང་གིས་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་མང་པོའི་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུའི་རེ་སྒུག་གནང་གི་ཡོད་པ་རེད།
           སུར་པེ་ཀེས་དེ་ཉིན་ནོར་ཝེའི་གྲོས་ཚོགས་ལ་ནོར་ཝེ་དང་ཀྲུང་གོའི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་པའི་གནས་ཚུལ་སྙན་ཞུ་གནང་སྐབས་2010ལོ་ནས་བཟུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཤུགས་རྐྱེན་ཐེབས་པ་དེས་རྒྱལ་སྤྱིའི་ལས་དོན་སོགས་ཐད་ནོར་ཝེར་འགྲན་སློང་འཕྲད་ཡོད་ལ་ནོར་ཝེའི་ཐོན་ལས་ལས་རིགས་ལའང་དཀའ་ངལ་བཟོས་ཡོད། ད་ཐེངས་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་པ་དེ་ནི་ཕྱི་འབྲེལ་ཐོག་ནས་ཡུན་རིང་དཀའ་སྤྱད་འབད་བརྩོན་བྱས་པས་རྒྱལ་ཁབ་གཉིས་པོའི་ཕན་ཚུན་ཡིད་ཆེས་སླར་གསོ་བྱུང་བའི་གྲུབ་འབྲས་ཤིག་ཡིན་ཞེས་གསུངས་པ་རེད།
           སུར་པེ་ཀེས་ནོར་ཝེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྲོལ་རྒྱུན་གྱི་མཛའ་གྲོགས་ལྡན་པ་དང་ནོར་ཝེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁས་ལེན་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་ཞིང་། རྒྱལ་ཁབ་གཉིས་པོས་དུས་ཡུན་རིང་པོའི་ནང་རྒྱ་ཆེ་ལ་འབྲེལ་བ་ཟབ་པའི་མཉམ་ལས་རྒྱུན་འཁྱོངས་བྱས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ་ནོར་ཝེར་གནམ་གཤིས་འགྱུར་ལྡོག་དང་དེ་བཞིན་རྒྱུན་སྲིང་འཕེལ་རྒྱས་སོགས་ཚུད་པའི་རྒྱལ་སྤྱིའི་གནད་དོན་འགངས་ཆེའི་ཐད་ཀྲུང་གོ་དང་མཉམ་ལས་བྱེད་པའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད་ཅེས་བསྟན་གནང་ཡོད།
          ཚེས་19ཉིན་ཀྲུང་གོ་དང་ནོར་ཝེ་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ཏེ་དེ་ཉིན་ནས་བཟུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་གཏན་ཅན་དུ་གྱུར་བའི་གཏན་འབེབས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།