འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་འཇུ་ལག་གཙང་པོ་ནས་ཙོང་ཆུར་ཆུ་འདྲེན་པའི་མ་ཡུར་གཙོ་བོའི་ལས་གྲྭར་ཆུ་
    ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། མཚོ་སྔོན་ཞིང་ཆེན་གྱི“ཆུ་བེད་ལས་གྲྭ་ཨང་དང་པོའི”འགག་རྩའི་རང་བཞིན་གྱི་ཚོད་འཛིན་ལས་གྲྭ་ཡིན་པའི་འཇུ་ལག་གཙང་པོ་ནས་ཙོང་ཆུར་ཆུ་འདྲེན་པའི་མ་ཡུར་གཙོ་བོའི་ལས་གྲྭར་དངོས་སུ་ཆུ་ཤར་གཏོང་ཐུབ་པས་ཙོང་ཆུར་ཆུ་འདྲེན་པའི་ལས་གྲྭ་གཙོ་བོ་སྤྱིའི་ཆ་ནས་བསྐྲུན་ཟིན་པ་དང་ཆུའི་འབབ་རྒྱུད་མི་འདྲ་བའི་དབར་ཆུ་འདྲེན་པའི་དམིགས་ཡུལ་མངོན་འགྱུར་བྱུང་བ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། “ཙོང་ཆུར་ཆུ་འདྲེན་པའི”ལས་གྲྭ་ནི་ཆུའི་ཐོན་ཁུངས་བལྟོས་བཅས་ཕུན་སུམ་ཚོགས་པའི་འཇུ་ལག་གཙང་པོ་ནས་ཆུ་འཐེན་ཏེ་རྔ་སྤང་སྒང་བརྒྱུད་ནས་ཙོང་ཆུའི་འབབ་རྒྱུད་དུ་ཆུ་འདྲེན་པ་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་མི་འདང་བ་དང་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བའི་ཆུ་མཁོ་སྤྲོད་ཀྱི་འགལ་བ་ཐག་གཅོད་བྱེད་པའི་ཆུ་བོ་འབབ་རྒྱུད་མི་འདྲ་བའི་དབར་ཆུ་འདྲེན་པའི་ལས་གྲྭ་ཞིག་ཡིན། ལས་གྲྭ་དེ་ཆུ་འདྲེན་མ་ཡུར་གཙོ་བོ་དང་། ཆུ་ནག་ཆུ་མཛོད། བྲག་རྡོ་གྲོག་རོང་ཆུ་མཛོད། བྱང་ཕྱོགས་མ་ཡུར་གྱི་དུས་ཐེངས་དང་པོའི་ལས་གྲྭ བྱང་ཕྱོགས་མ་ཡུར་གྱི་དུས་ཐེངས་གཉིས་པའི་ལས་གྲྭ ནུབ་ཕྱོགས་མ་ཡུར་བཅས་ལས་གྲུབ་པ་དང་དུས་ཐེངས་གསུམ་དུ་དབྱེ་ནས་འཛུཌ་སྐྲུན་བྱ་རྒྱུ་རེད།
           མཚོ་སྔོན་ཞིང་ཆེན་གྱི་འཇུ་ལག་གཙང་པོ་ནས་ཙོང་ཆུར་ཆུ་འདྲེན་པའི་ལས་གྲྭ་འཛུགས་སྐྲུན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཧའེ་ཕིང་གིས“ཆུ་འདྲེན་གྱི་མ་ཡུར་གཙོ་བོའི་ལས་གྲྭའི་ལས་འགན་གཙོ་བོ་ནི་འཇུ་ལག་གཙང་པོའི་འབབ་རྒྱུད་ནས་ཙོང་ཆུའི་འབབ་རྒྱུད་དུ་ཆུ་འདྲེན་རྒྱུ་ཡིན་ཞིང་། ལས་གྲྭ་འདི་ཆུ་འདྲེན་ལྟེ་གནས་དང་། ཆུ་འདྲེན་ཕུག་ལམ། ཆུ་ཡུར་བཅས་ཆ་ཤས་གསུམ་ལས་གྲུབ་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་15.86བཏང་བའི་ནང་མ་དངུལ་སྒོར་དུང་ཕྱུར་15.04བཏང་ཟིན་པ་རེད”ཅེས་ངོ་སྤྲོད་བྱས།
          མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ཀྲང་ཧྲི་ཕུང་གིས་ཆུ་འདྲེན་མ་ཡུར་གཙོ་བོའི་ལས་གྲྭ་ལས་འགོ་ཚུགས་པ་ནས་བཟུང་། ས་བབ་མཐོ་བ་དང་། ཕུག་ལམ་རིང་བ། ས་གཤིས་རྙོག་འཛིང་ཆེ་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་དང་ལྷག་པར་དུ་ཐེག་ཤུགས་ཆེ་བ་དང་། ས་གས་ཆེ་བ། གཏིང་རིང་བ་སོགས་འཕྲད་དཀོན་པའི་ལག་རྩལ་དཀའ་གནད་ལ་འཛུགས་སྐྲུན་པ་ཡོངས་ཀྱིས་མཐུན་སྒྲིལ་རོགས་རེས་དང་འགག་སྒྲོལ་དཀའ་སེལ་བྱས་པ་བརྒྱུད། 2015ལོའི་ཟླ་དྲུག་པར་ལམ་ཐིག་ཧྲིལ་པོར་སྤྱི་ལེ་24.17དང་། ཕུག་ལམ་ཞེང་ཚད་སྨི་5ཆུ་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་35ལ་ཇུས་འགོད་བྱས་པའི་ཆུ་འདྲེན་ཕུག་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ཡོད།
           “འཇུ་ལག་གཙང་པོ་ནས་ཙོང་ཆུར་ཆུ་འདྲེན་པའི”ལས་གྲྭས་ལོར་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་7.5དང་ཆུ་འབབ་རྒྱུད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.61འཆར་འགོད་བྱས་པར་ཚོད་རྩིས་བརྒྱབ་ན། མ་དངུལ་སྒོར་དུང་ཕྱུར་141.82གཏོང་དགོས་ཀྱི་ཡོད། ལས་གྲྭ་ཁྱོན་ཡོངས་ནས་བསྐྲུན་ཟིན་རྗེས་ཙོང་ཆུའི་འབབ་རྒྱུད་དུ“སྐམ་ཞིང་ཆུ་ཞིང་དུ་སྒྱུར་བའི”ས་ཞིང་མུའུ་ཁྲི་100གསར་སྣོན་བྱ་རྒྱུ་དང་ཤར་རྒྱུད་གྲོང་ཁྱེར་འབྲེལ་ཚོགས་ཀྱི་མི་ཁྲི་300ཡི་འཐུང་ཆུ་དང་། ཙོང་ཆུའི་མ་རྒྱུན་གྱི་བཟོ་ལས་གླིང་ཁག་གི་ཐོན་སྐྱེད་ཐད་ལ་མཁོ་བའི་ཆུ། ཤར་རྒྱུད་བར་ཁྱམས་ཀྱི་ཁྱད་ལྡན་དེང་རབས་ཞིང་འབྲོག་ལས་ལ་མཁོ་བའི་ཆུ་དང་དེ་བཞིན་སྣོད་བཅུད་ལ་མཁོ་བའི་ཆུ་སོགས་མཁོ་འདོན་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།