འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྩོམ་རིག་གིས་ང་ཚོའི་བར་ཐག་ཇེ་ཉེར་བཏང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 08:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྩོམ་རིག་གིས་མི་རིགས་མི་འདྲ་བའི་དབར་གྱི་ཤེས་རྟོགས་དང་མཛའ་མཐུན་ཆེ་རུ་གཏོང་རྒྱུར་ནུས་པ་ཆེན་པོ་འདོན་གྱི་ཡོད་པ་དང་། འཛམ་གླིང་རྩོམ་རིག་ཁྲོད་གཟི་བྱིན་འཚེར་བའི་གྲས་ཡིན་པའི་ཀྲུང་གོའི་རྩོམ་རིག་ནི་འཛམ་གླིང་དུ་ཁྱད་ཆོས་འཛད་མེད་མངོན་པ་བསྙོན་དུ་མེད། ཨོ་སི་ཁྲུ་ལི་ཡའི་ཝི་ཁེ་ཐོ་རུའེ་ཡ་ཀྲོའུ་ཡི་རྩོམ་པ་པོའི་མཐུན་ཚོགས་དང་། ཨོ་སི་ཁྲུ་ལི་ཡའི་ཀྲུང་གོ་བའི་རྩོམ་པ་པོའི་དུས་ཆེན། ཝི་ཁེ་ཐོ་རུའེ་ཡ་ཀྲོའུ་ཡ་ལ་དཔེ་མཛོད་ཁང་བཅས་ཀྱིས་མཉམ་དུ་གཉེར་བའི“ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རྩོམ་པ་པོའི་དུས་ཆེན”དེ་ཟླ་8པའི་ཟླ་མཇུག་ཏུ་མོར་པེན་གྲོང་ཁྱེར་དུ་གཉེར་ཞིང་། ཨོ་སི་ཁྲུ་ལི་ཡ་དང་། ཀྲུང་གོའི་ནང་ས། ཀྲུང་གོའི་ཤང་ཀང་བཅས་ནས་ཡོང་བའི་རྩོམ་པ་པོ་དང་དེ་བཞིན་ཀློག་པ་པོ་མང་པོས་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་གནས་སྟངས་འོག་གི་རྩོམ་པ་པོའི་རང་ངོས་ཀྱི་ངེས་གནས་སོགས་གླེང་གཞིར་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།
         “ཨ་པོ་ལུའོ་རྣམ་གྲངས”ནི་ཨོ་སི་ཁྲུ་ལི་ཡའི་དྲ་རྒྱར་བརྟེན་ནས་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་གནས་དང་སྐད་ཆར་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་བའི་ཁེ་གཉེར་མིན་པའི་སྒྲིག་གཞི་ཞིག་ཡིན་ལ་སྒྲིག་གཞི་དེའི་དབུ་བཞུགས་ལག་བསྟར་དཔོན་ཀྲུའུ་ལི་ཨེན·ལའེ་འར་གྱིས་སྨྱུག་འཛིན་པར་ཀྲུང་གོའི་རྩོམ་རིག་གི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ནི་ལྷུག་རྩོམ་མང་ལ་སྤུས་ཚད་ཧ་ཅང་ལེགས་པ་དང་། ལྷུག་རྩོམ་གྱིས་ཀྲུང་གོའི་རྩོམ་རིག་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། དེ་ནི་རྒྱལ་ཁབ་གཞན་གྱི་རྩོམ་རིག་ཁྲོད་མཐོང་དཀོན་པ་ཞིག་ཡིན། ཀྲུང་གོའི་ལྷུག་རྩོམ་མཁས་ཅན་གྱིས་རང་བྱུང་ཁམས་དང་དཔྱིད་དབྱར་སྟོན་དགུན་ཞིབ་བྲིས་བྱ་རྒྱུར་དགའ་བ་དང་། སྒེར་གྱི་བརྩེ་དུང་མཚོན་རྒྱུ་གཙོ་བོར་བྱས་ནས་མཚན་ཉིད་རིག་པའི་བསམ་བློ་ཕུན་སུམ་ཚོགས་པ་མངོན་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཁྱད་ཆོས་དེར་ལོ་རྒྱུས་རིང་བས་ཧ་ལམ་《སྤོར་ཐང་》སོགས་གནའ་བོའི་བསྟན་བཅོས་བར་ཁུངས་འདེད་ཆོག་པར་སྙམ་གྱི་ཡོད།
         རྩོམ་རིག་བརྩམས་ཆོས་ནི་མིའི་དབར་བརྩེ་དུང་སྤེལ་རེས་བྱེད་པའི་འབྲེལ་ཟམ་གལ་ཆེན་ཡིན། ལའེ་འར་གྱིས་བལྟས་ན། ཀྲུང་གོའི་རྩོམ་པ་པོའི་བརྩམས་ཆོས་བཀླགས་པར་བརྟེན་ནས་མི་སྣ་ཁག་གི་ནང་སེམས་སུ་ཞུགས་ཏེ་ཁོ་ཚོའི་མིག་ལམ་གྱི་འཇིག་རྟེན་ཉམས་སུ་མྱོང་ཐུབ་ཅིང་། ཐུན་མོང་མིན་པའི་མི་དང་མིའི་དབར་གྱི་འབྲེལ་བ་དང་རྟོག་མཐུན་འཛུགས་སྐྱོང་བྱེད་ཐུབ། དེ་ལས་ཀྱང་གལ་ཆེ་བ་ནི་ལྟ་ཀློག་བརྒྱུད་ནས་ཀྲུང་གོར་རྒྱུས་མངའ་བྱེད་ཐུབ་པ་དང་ཀྲུང་གོ་ཤེས་རྟོགས་ཡོང་བའི་སྒེའུ་ཁུང་ཕྱེ་ཡོད། “ཀྲུང་གོ་ནི་ཁེར་རྐྱང་ངང་གནས་པའི་མཁར་གྲོང་ངམ་ཡང་ན་ཡུལ་གཞན་པར་གནས་པའི་རྒྱལ་ཁབ་ཞིག་མིན་པར་དེ་གར་རང་གཤིས་མངོན་གསལ་དོད་པའི་སྐྱེ་བོ་དུང་ཕྱུར་13འཚོ་བ་སྐྱེལ་གྱི་ཡོད། ཁོ་ཚོས་རང་ཉིད་ཀྱི་ཐབས་ལམ་ལ་བརྟེན་ནས་འཇིག་རྟེན་འདི་ཉིད་མྱོང་ཚོར་བྱེད་ཀྱི་ཡོད་པ་རེད”
        མོར་པེན་ནུའོ་སི་ཁའོ་ཐེ་སློབ་གྲྭའི་རྒྱ་ཡིག་དགེ་རྒན་ཀྲུང་གོའི་རྩོམ་རིག་དགའ་ཞེན་པ་ཡ་ལི་ཧྲན་ཏ·མའེ་ཁེ་ལའོ་ཏེས་ཀྲུང་གོའི་རྩོམ་རིག་ནང་གི་བརྩམས་ཆོས་རྩེར་སོན་ལ་མཐོང་ཆེན་གནང་གི་ཡོད་ཅིང་། ཁོང་གིས་ཀྲུང་གོའི་གནའ་བོའི་གྲགས་རྩོམ་ཆེ་གྲས་བཞི་ནི་ཀྲུང་གོར་དབང་བ་ཙམ་མ་ཟད་འཛམ་གླིང་རྩོམ་རིག་གི་མཆོག་ནོར་ཡང་ཡིན། བརྩམས་ཆོས་རྩེར་སོན་དེ་དག་ལ་མི་མང་པོས་རྒྱུས་མངའ་བྱེད་ཐུབ་ཚེ་ཀྲུང་གོའི་རིག་གནས་ལ་ཕྱི་ཕྱོགས་ཀྱི་དགའ་སྣང་ཆེ་རུ་འགྲོ་ངེས་ཡིན་པའི་ངོས་འཛིན་བྱས་ཡོད།
         ཀྲུང་གོའི་བརྩམས་ཆོས་སྔར་བས་མང་པོ་ཕྱི་རྒྱལ་སྐད་ཡིག་ཏུ་བསྒྱུར་བ་དང་བསྟུན་ནས་ཕྱི་ཕྱོགས་ཀྱིས་ཀྲུང་གོར་ཤེས་རྟོགས་བྱེད་ཚད་ཟབ་ཏུ་ཕྱིན་ཡོད། ཚོགས་ཞུགས་སྐུ་མགྲོན་ཆོས་འགྱུར་ལེགས་པོས་ཀྲུང་གོའི་རྩོམ་རིག་འཛམ་གླིང་དུ་ཁྱབ་རྒྱུར་གལ་འགངས་ཆེ་བ་དང་། མཐར་གཏུགས་ན་རྒྱ་ཡིག་ཡག་པོ་རྟོགས་མཁན་ཀྲུང་གོའི་ཕྱི་རོལ་དུ་སྔར་བཞིན་ཉུང་ཤས་ཡིན་པར་སྙམ་གྱི་ཡོད་པ་རེད།
         མོར་པེན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་པ་གཞོན་པ་ཧོང་གོ་པིང་གིས་སྨྱུག་འཛིན་པར་རྒྱ་སྐད་དང་ཀྲུང་གོའི་རིག་གནས་ཁྱབ་གདལ་འགྲོ་བ་དང་བསྟུན་ཨོ་སི་ཁྲུ་ལི་ཡ་བས་ཀྲུང་གོ་དང་ཀྲུང་གོའི་རྩོམ་རིག་ལ་ཧ་ཅང་དགའ་པོ་བྱེད་འགོ་ཚུགས་ཡོད། འོན་ཀྱང་རྟོགས་དགོས་པ་ཞིག་ནི་དགའ་སྣང་དེ་རིགས་འགོ་ཚུགས་མ་ཐག་ཡིན་པས་ང་ཚོས་ཕྱོགས་ཁག་ཐད་མུ་མཐུད་འབད་བརྩོན་བྱེད་དགོས་ཞེས་བརྗོད་པ་རེད།
         མོར་པེན་དུ་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་རིགས་རྒྱུད་མི་འདྲ་བ་འཛོམས་ཡོད་པར་བརྟེན་རྩོམ་རིག་གི་རྣམ་པ་ཟབ་མོ་ཡོད་པས“འཛམ་གླིང་གི་རྩོམ་རིག་གྲོང”ཞེས་པའི་མཚན་སྙན་ཡོད། དེ་གར་འཚོ་བ་སྐྱེལ་བཞིན་པའི་ཀྲུང་གོ་བའི་རྩོམ་པ་པོ་ཉིད་ས་གནས་ཀྱི་སྣ་མང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཏེ་ཁོ་ཚོས་གསར་རྩོམ་བྱས་པའི་རྩོམ་རིག་བརྩམས་ཆོས་ཀྲུང་གོ་བའི་སྡེ་ཁུལ་དུ་དགའ་བསུ་ཐོབ་པ་མ་ཟད། རྩོམ་པ་པོ་ཁག་གཅིག་གིས་བརྩམས་པའི་དཔེ་དེབ་བྲིན་ཁ་རྒྱུག་པོ་བྱུང་སྟེ་ཨོ་སི་ཁྲུ་ལི་ཡའི་གཙོ་རྒྱུན་རིག་གནས་ནང་ཚུད་ཡོད།
         ཨོ་སི་ཁྲུ་ལི་ཡའི་རྩོམ་པ་པོ་ཀྲུང་གོ་བར་གཙོ་རྒྱུན་སྤྱི་ཚོགས་ཀྱི་དོ་ཁུར་ཐོབ་པ་དེ་ཀྲུང་གོ་སྟོབས་ཆེར་འགྲོ་བ་དང་ཀྲུང་གོ་བ་གནས་སྤོས་གྲངས་ཚད་མང་དུ་འགྲོ་བ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡའི་རྩོམ་པ་པོ་ཀྲུང་གོ་བའི་དུས་ཆེན་གྱི་ཀྲུའུ་ཞི་ཧུའུ་མེས་ཨོ་སི་ཁྲུ་ལི་ཡར་རྒྱ་ཡིག་སྤྱོད་ཚད་དེ་དབྱིན་ཡིག་ཕུད་པའི་སྐད་ཡིག་ཆེ་གྲས་ཨང་གཉིས་པར་གྱུར་ཏེ་ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་དང་དམངས་ཁྲོད་ཀྱིས་ཉིན་བཞིན་དར་རྒྱས་འགྲོ་བའི་ཀྲུང་གོའི་རྩོམ་རིག་ལ་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད། “ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རྩོམ་པ་པོའི་དུས་ཆེན”གཉེར་བའི་ཐོག་མའི་དམིགས་ཡུལ་ནི་རྒྱ་ཡིག་རྩོམ་པ་པོ་ཉིད་གཙོ་རྒྱུན་སྤྱི་ཚོགས་སུ་ཁྱབ་གདལ་གཏོང་བ་དང་དུས་མཚུངས་གཙོ་རྒྱུན་སྤྱི་ཚོགས་ཀྱིས་ཀྱང་ཀྲུང་གོ་བའི་རྩོམ་པ་པོ་དང་ཁོ་ཚོའི་བརྩམས་ཆོས་སྔར་བས་མང་བ་ཤེས་རྟོགས་ཐུབ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།