འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བྱུང་རིམ་ངོ་མཚར་ཁྱད་དུ་འཕགས། མཚོན་དོན་གཏིང་ཟབ་རྨད་དུ་བྱུང་།

    ——འཛམ་གླིང་གི་དོན་སྙིང་ལྡན་པའི་པཱ་པེར་གྱི་གསར་རྩོམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 08:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེ་གང་རྩོམ་འབྲིའི་བྱ་བར་གཞོལ་བའི་སྐྱེ་བོ་ཞིག་ལ་འཚོ་བཞུགས་སྐབས་སམ་འདས་རྗེས་གསུང་རྩོམ་ཕྱོགས་སྒྲིག་དཔེ་སྐྲུན་གྱི་གོ་སྐབས་འཕྲད་པ་ནི་ཁོང་ལ་ཐོབ་པའི་གདེང་འཇོག་ཆེ་ཤོས་དང་མཚན་སྙན་ཆེ་ཤོས་དེ་ཡིན་པ་སྨོས་ཅི་དགོས། ཉེ་ཆར། ལིད་ཅང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《པཱ་པེར་གྱི་རྩོམ་ཡིག་ཕྱོགས་སྒྲིག་》རྒྱ་ཡིག་འགྱུར་མ་པོད་ལྔ་ལྡན་མ་དེ་ནི་འཛམ་གླིང་ཁྱབ་ཁོངས་ནང་ཨུ་རུ་སུའི་ཡི་གེ་དང་དབྱིན་ཡིག་རྗེས་སུ་དབྱི་སཱ་ཁེ·པཱ་པེར་(1894ལོ་ནས་1940ལོ་བར་)གྱི་རྩོམ་ཡིག་ཕྱོགས་སྒྲིག་དཔེ་སྐྲུན་བྱས་པའི་སྐད་ཡིག་ཨང་གསུམ་པ་དེ་ཡིན་པ་རེད། དེས་ན། འཛམ་གླིང་གི་དོན་སྙིང་ལྡན་པའི་པཱ་པེར་གྱི་གསར་རྩོམ་ལས་ང་ཚོར་བསམ་བློ་དེ་ལྟར་གཏོང་དུ་བཅུག་པ་སྟེ། ཡང་སྙིང་རྒྱུ་རྐྱེན་གང་དག་ལ་བརྟེན་ནས་པཱ་པེར་གྱིས་དུས་རབས་20པའི་འཛམ་གླིང་རྩོམ་རིག་ཁྲོད་གནས་འབབ་བཟུང་ཐུབ་པ་ཡིན་ནམ།
         སྣེ་མང་རིག་གནས་མངོན་པ།
         པཱ་པེར་གྱི་གསར་རྩོམ་ལས་མཐོང་དཀོན་པའི་ཕྱོགས་བསྡུས་རང་བཞིན་དང་སྣ་མང་རང་བཞིན་མངོན་པ་དང་། དོན་སྙིང་ག་གེ་མོ་ཞིག་གི་ཐོག་ནས་བརྗོད་ན། ཁོང་གི་གསར་རྩོམ་ནི་སྣ་མང་རྩོམ་རིག་དང་རིག་གནས་ཀྱི་སྲོལ་རྒྱུན་ཕྱོགས་བསྡུས་རང་བཞིན་རྒྱུན་འཛིན་བྱས་པའི་འབྲས་བུ་ཞིག་རེད། པཱ་པེར་གྱི་ཨུ་རུ་སུའི་སྐད“ཐབས་རྡུག”དེ་འདྲ་མེད་པར་ཨུ་རུ་སུའི་སྐད་ནི་ཁོང་གི་ཕ་སྐད་ཡིན་ལ། རྗེས་སུ་ཁོང་གིས་རྩོམ་རིག་གསར་རྩོམ་བྱེད་པའི་སྐད་ཡིག་འབའ་ཞིག་དེའང་རེད། ཁོང་ནི་ཨུ་རུ་སུའི་སྐད་ཀྱི་རྩོམ་པ་པོ་མང་ཆེ་བ་དང་ཨུ་རུ་སུའི་སྐད་ཡིག་ཐོག་ནས་རྩོམ་ཡིག་འབྲི་མཁན་ཡ་གུ་དཱ་བའི་རྩོམ་པ་པོ་མང་ཆེ་བ་དང་འདྲ་བར་ཨུ་རུ་སུའི་སྐད་ཡིག་ལ་སྙིང་ནས་གཅེས་པའི་ལྷག་བསམ་དེ་ཐེངས་མང་མཚོན་པར་བྱེད།
         པཱ་པེར་ཆུང་དུས་ནས་ཧྥ་རན་སེའི་སྐད་ལ་བྱང་ཆུབ་པ་དང་། ཁོང་སློབ་འབྲིང་སྐབས་ཀྱི་ཧྥ་རན་སེའི་སྐད་ཡིག་རྒན་ལགས་ཀྱི་ཤུགས་རྐྱེན་འོག་རྩོམ་རིག་ལམ་བུར་ཆས་པ་ཞིག་ཡིན་པ་དང་། ཆེས་ཐོག་མའི་བརྩམས་སྒྲུང་དེ་དག་ཧྥ་རན་སེའི་ཡི་གེ་ནས་བྲིས། པཱ་པེར་ལ“ཨུ་རུ་སུའི་མོའོ་པོ་སང”ཞེས་འབོད་པ་དེ་ཁོང་གི་གསར་རྩོམ་གྱི་རྩོམ་ལུས་དང་བརྗོད་བྱའི་གཏོགས་ཁོངས་ཐད་ནས་མ་ཡིན་པར། ཁོང་ཧྥ་རན་སེའི་རྩོམ་རིག་ལ་རྒྱུས་མངའ་ཆེ་བ་དང་ཧྥ་རན་སེའི་རྩོམ་རིག་ལ་དཔེ་བལྟས་པ་དང་ཡང་འབྲེལ་བ་མཆིས།
         དེ་དང་དུས་མཚུངས། ཁོང་ཡ་གུ་དཱ་བ་ཞིག་ཡིན་པ་དང་ཁོང་གིས་རྩོམ་རིག་ཐོག་ནས་ཕ་ཡུལ“ཨུ་རུ་སུའི་ཡེ་ལུའུ་སཱ་ལེང”གི་ཨའོ་ཏེ་སཱའི་བཀོད་འབྲི་བྱས་པ་དང་། རྩོམ་རིག་ཐོག་ནས་ཨུ་རུ་སུའི་ཡ་གུ་དཱ་བའི་ཡ་ང་བའི་ལས་དབང་སླར་ཡང་མངོན་པར་བྱས་པ་དེ་ཁོང་གི་བརྩམས་ཆོས་ཁྲོད་ཀྱི་ཡ་གུ་དཱ་བའི་སྐད་ཆ་དང་ཁོང་གིས་ཡ་གུ་དཱ་བའི་རྩོམ་རིག་གི་སྲོལ་རྒྱུན་ལ་ཞེ་གཏིང་ནས་དགའ་ཞེན་བྱེད་པ་གཉིས་ཕན་ཚུན་གཅིག་གྲོགས་གཅིག་ཏུ་འགྱུར་བ་དེ་ལས་ཁོང་དུས་རབས་20པའི་ཨུ་རུ་སུའི་སྐད་ཀྱི་རྩོམ་རིག་ཁྲོད་དུ་ཡ་གུ་དཱ་བའི་བརྗོད་དོན་མངོན་གསལ་དོད་ཤོས་སུ་མཚོན་པའི་བྱེད་པོ་དེར་བརྩི་ཡི་ཡོད། ཐ་ན་པཱ་པེར་གྱི་བརྩམས་སྒྲུང་གི་སྐད་ཆའི་ཐད་ལའང་ཡ་གུ་དཱ་བའི་རིག་གནས་སྲོལ་རྒྱུན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་སྟེ། ཁོང་གིས་ཨུ་རུ་སུའི་སྐད་ཀྱི་ཐོག་ནས་ཡ་གུ་དཱ་བའི་སྐད་ཀྱི་གཏམ་གླེང་བྱེད་སྟངས་མངོན་པར་བྱེད། དེ་ལྟར་པཱ་པེར་གྱི་གསར་རྩོམ་ཁྲོད་ཨུ་རུ་སུའི་རྩོམ་རིག་དང་། ཧྥ་རན་སེའི་རྩོམ་རིག ཡ་གུ་དཱ་བའི་རྩོམ་རིག་སོགས་སྲོལ་རྒྱུན་མི་གཅིག་པའི་དབར་ཕན་ཚུན་གཅིག་བརྟེན་གཅིག་འདྲེས་སུ་གྱུར་ནས་ཞི་མཐུན་ལྡན་ལ་སྣ་མང་གི་ཉམས་འགྱུར་ཞིག་ཀྱང་གྲུབ་ཡོད། ད་ཆ། མི་ཚོས“མཉམ་འདྲེས”ཀྱི་རྩོམ་རིག་ཉམས་འགྱུར་ཁྲོད་ནས་ཡུག་རེན་གྱི་རྩོམ་རིག་དང་ཕོ་ལན་གྱི་རྩོམ་རིག་གི་གྲུབ་ཆ་དབྱེ་འབྱེད་བྱེད་པར་འདོད།
         མངོན་གསལ་དོད་པའི་སྒྱུ་རྩལ་གྱི་རང་གཤིས།
         དུས་རབས་20པའི་ཨུ་རུ་སུའི་སྐད་ཀྱི་རྩོམ་རིག་དང་ལྷག་པར་དུ་འཛམ་བུ་གླིང་གི་རྩོམ་རིག་ཁྲོད་པཱ་པེར་གྱི་བརྩམས་ཆོས་ནི་དབྱེ་བ་ཧ་ཅང་འབྱེད་བདེ་པོ་ཡོད་དེ། ཁོང་གི་བརྩམས་སྒྲུང་ལ་དམིགས་བསལ་གྱི་ཉམས་འགྱུར་དང་ཁྱད་ཆོས་ལྡན་པས་སོ།
         པཱ་པེར་གྱི་སྨྱུག་རྩེ་ནས་ཐོན་པའི་ངོ་མཚར་ཆེ་བའི་ཁོར་ཡུག་ཁྲོད་ནས་བརྩེ་དུང་མཚོན་པ་དང་། ཐོལ་བྱུང་འགྱུར་བ་ཆེ་བའི་སེམས་ཁམས་ཀྱི་མྱོང་སྣང་། ཏར་འཕྲིན་རྣམ་པའི་ཚིག་ཉུང་དོན་བསྡུས་དང་ཧང་སངས་དགོས་པའི་རྒྱན་སྤྲོས་སྟངས་བཅས་གཞི་གཅིག་ཏུ་འབྲེལ་ཡོད། པཱ་པེར་གྱི་བརྩམས་སྒྲུང་གི་ཚིག་དུམ་གཉིས་རེ་གསུམ་རེ་ནི་དུམ་མཚམས་རྣམ་པ་དང་མཐའ་ན་ཆ་མ་འགྲིག་པ་ལྟར་དུ་སྣང་ཡང་དོན་དུ་བྱེད་པོས་མ་བྱས་ལྷུན་གྱིས་འགྲིག་པའི་ཆ་ཚང་བའི་ཚོར་སྣང་ལྡན་པ་མ་ཟད། དེ་དག་འཕུར་མཆོང་དང་ཉུང་འཕྲི་བྱས་པ་ཚང་མ་གནད་ལ་འཁེལ་བ་ཞིག་ཡོད་པས། ཀུན་ལ་ཞིབ་ཆ་ཆེ་ལ་མུ་མཐའ་མེད་པའི་ལོ་རྒྱུས་སྙན་ངག་ལྟ་བུའི་ཚོར་སྣང་ཞིག་སྦྱིན།
         རྩོམ་ལུས་ཐོག་ནས་བལྟས་ན། ཟློས་གར་འཁྲབ་གཞུང་གི་རྩོམ་པ་པོ་ཡང་ཡིན་པའི་པཱ་པེར་གྱིས་གློག་བརྙན་གྱི་མོང་ཐའེ་ཆི་བདང་ཟློས་གར་གྱི་བརྒྱུད་རིམ་ཐོལ་འགྱུར་སོགས་ཀྱི་རྒྱུ་རྐྱེན་བརྩམས་སྒྲུང་ནང་དུ་དྲངས་ནས། ཟློས་གར་གྱི་ཁ་སྐད་དང་། སྙན་ངག་ལྟ་བུའི་ཡུལ་ལྗོངས་ཞིབ་འབྲི། རང་བྱུང་རིང་ལུགས་ཀྱི་ཞིབ་ཆ། འཆར་ཡན་རིང་ལུགས་རྫུས་མའི་བརྩེ་དུང་མཚོན་པ་སོགས་ཀྱང་ཁོང་གི་སྒྲུང་ཐུང་ནང་དུ་ཧ་ཅང་མང་། མི་རྣམས་ཀྱིས་ཆི་ཁེ་ཧྥུའི་ཟློས་གར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གླེང་སྐབས། ཆི་ཁེ་ཧྥུས“ལྷུག་རྩོམ་དེ་ཟློས་གར་ནང་དུ་དྲངས་པ་རེད”ཅེས་བཤད་པ་བཞིན། པཱ་པེར་གྱིས་སྙན་ངག་དང་། ཟློས་གར། གློག་བརྙན་བཅས་ཚང་མ་སྒྲུང་ཐུང་ནང་དུ་དྲངས་པ་རེད། འཕྲུལ་བཞིན་གྱི་ཐོག་ནས་བལྟས་ན། པཱ་པེར་གྱི་སྒྲུང་ཐུང་ལ་བསྟན་བཤིག་དང་འཕྱ་དམོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན། འཚོ་བ་དང་རྩོམ་རིག་དང་། དངོས་ཡོད་དང་རྟོག་བཟོ། དོན་དངོས་དང་རྟོག་བཟོ་བཅས་ཀྱི་དབར་ནས་སྨྱུག་ཁ་བསྒྱུར་པས་དེང་རབས་རིང་ལུགས་ཀྱི་རིགས་ཤིག་དང་ཐ་ན་དེང་རབས་རིང་ལུགས་རྗེས་མའི་གསར་རྩོམ་གྱི་སྙིང་སྟོབས་མངོན་ཡོད་པ་རེད། རྣམ་འགྱུར་དེའི་རིགས་ཀྱིས་ཁོང་གི་བརྩམས་ཆོས་གཏིང་ཇེ་ཟབ་དང་བརྩམས་ཆོས་ཀྱི་ཁྱད་ཆོས་མངོན་གསལ་ཇེ་དོད་དུ་བཏང་བས། ཁོང་གི་བརྩམས་ཆོས་དུས་རབས་ཤིག་གི་རབ་དགའི་ཁྱད་ཆོས་ལྡན་པའི་རྩོམ་རིག་ཟིན་བྲིས་ཤིག་ཏུ་གྱུར་པ་རེད།
         ཁྱད་མཚར་བའི་ཐོབ་ཐང་སྐོར་གྱི་བཤད་ཚུལ་མི་འདྲ་བ།
         འཚོ་བ་དང་གསར་རྩོམ་ཁྲོད་མངོན་པའི་པཱ་པེར་གྱི“ཐོབ་ཐང་གཉིས་ལྡན”གྱིས་ཁོང་རང་དུས་རབས་ཉི་ཤུ་པའི་ཨུ་རུ་སུའི་རྩོམ་རིག་ཁྲོད་ཀྱི་བརྟོལ་དཀའ་ཤོས་ཀྱི་གསང་བ་ཞིག་ཏུ་གྱུར་པ་རེད། པཱ་པེར་1940ལོར་སུའུ་ལེན་གྱི་གསང་བའི་ཉེན་རྟོག་སྒྲིག་གཞིས་བཀྲོངས་རྗེས་ཁོང་གི་བརྩམས་ཆོས་ཚང་མ་བཀག་པ་དང་། 1957ལོར་གཞི་ནས་བསྐྱར་པར་བྱས་པ་རེད། ནུབ་ཕྱོགས་པས་སྔ་མོ་ནས་ཁོང་ལ་ཞིབ་འཇུག་བྱེད་འགོ་བརྩམས་ཏེ། ཁོང་དང་འབྲེལ་བའི་ལོ་རྒྱུས་དང་ཞིབ་འཇུག་ཆེད་རྩོམ་འབོར་ཆེན་སྔ་རྗེས་སུ་པར་སྐྲུན་བྱས་པ་མ་ཟད་ཁོང་གི་བརྩམས་ཆོས་ཁག་ཀྱང་ཡང་ནས་ཡང་དུ་པར་སྐྲུན་བྱས་པ་རེད།
         པཱ་པེར་ནི་དེ་སྔོན་དམར་དམག་གི་རྟ་དམག་ཁྲོད་ཀྱི་གསར་འགོད་པ་དང་། གསང་བའི་ཉེན་རྟོག་སྒྲིག་གཞི་ཆི་ཁཱའི་ཡིག་སྒྱུར་བ། རྒྱལ་ཁབ་དཔེ་སྐྲུན་ཁང་ཨའོ་ཏེ་སཱ་ཡན་ལག་པུའི་ཀྲུའུ་རེན་བཅས་ཡིན་པ་དང་། ཁོང་གི་བརྩམས་ཆོས་ལ་དམར་དམག་གི་རྟ་དམག་སི་ལིན་པུ་ཆོན་ཉིས་དོགས་འདྲི་བྱེད་སྐབས་ཁོང་གི་ཆེད་དུ་སྐད་ཆ་ཤོད་མཁན་ཀོར་ཅི་ཡིན་པ་རེད། ཁོང་ལ་《ངར་ལྕགས་ནི་ཇི་ལྟར་གྲུབ་པ་ཡིན་ནམ་》ཞེས་པའི་བརྩམས་སྒྲུང་དེ་འཁྲབ་གཞུང་དུ་བསྒྱུར་རྒྱུའི་འགན་ལྕི་པོ་སྤྲད་པ་རེད། ཁོང་གིས་སུའུ་ལེན་གྱི་རྩོམ་པ་པོའི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་སྙན་སྒྲོན་གལ་ཆེན་གནང་བ་རེད། ཁོང་གིས་འཛིན་བཟུང་མ་བྱས་པའི་གོང་གི་ཟླ་བ་ཁ་ཤས་ནང་སུའུ་ལེན་གྱི་རྩོམ་པ་པོའི་འཐུས་མི་བྱས་ནས་1938ལོའི་ཟླ་12ཚེས་31ཉིན་གྱི་《རྩོམ་རིག་དུས་དེབ་》ཐོག་ནས་ཀློག་པ་པོ་ཚོར་ལོ་གསར་གྱི་རྟེན་འབྲེལ་ཞུས་པ་རེད། ཁོང་ནི་དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་སུམ་ཅུའི་ནང་གི་གཞུང་ཕྱོགས་ཀྱི་སུའུ་ཝེ་ཨེའི་རྩོམ་པ་པོ་གལ་ཆེན་གྱི་གྲས་ཤིག་རེད་ཅེས་བཤད་ན་ཡང་མི་ཆོག་པ་མེད་མོད། ཡིན་ན་ཡང་ཁོང་རང་ཡ་གུ་དཱ་བ་ཡིན་པའི་ཐོབ་ཐང་དང་ཤེས་ཡོན་ཅན་རྙིང་པ་ཡིན་པའི་ལངས་ཕྱོགས་དེས་ཁོང་རང་དུས་རབས་དང་དངོས་ཡོད་ལ་མི་འཚམ་པ་ཞིག་ཏུ་གྱུར་ཡོད། ཁོང་གི་མཇུག་འབྲས་དེས་དབང་འཛིན་པས་ཁོང་རྩ་མེད་དུ་བཟོ་དགོས་ངེས་ཤིག་ཏུ་བརྩིས་པ་མཚོན་ཐུབ།
         པཱ་པེར་གྱི་ཐོབ་ཐང་དང་མི་ཚེའི་བརྒྱུད་རིམ་ནི་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་ཡིན་ཏེ། ཁོང་ནི་གཙོ་རྒྱུན་པའི་ཁྲོད་ཀྱི་ཡན་གར་བ་དང་ཡང་ན་ཡན་གར་བའི་ཁྲོད་ཀྱི་གཙོ་རྒྱུན་པ་ལྟ་བུར་གྱུར་ཡོད། དེ་ལྟ་བུའི་ཐོབ་ཐང་གིས་དེའི་མེས་རྒྱལ་གྱི་རྩོམ་རིག་ཁྲོད་ཀྱི་ཁོང་རང་གི་གནས་འབབ་ལ་འཕར་ཆག་ཆེན་པོ་བྱུང་བ་དེས་མི་རབས་དེའི་ཨུ་རུ་སུའི་ཤེས་ལྡན་པ་ཚོའི་ལས་དབང་ཡང་མཚོན་ཐུབ། ནུབ་ཕྱོགས་པས་པཱ་པེར་དང་ལེན་བྱེད་སྐབས་ཁོང་རང་གི་ཡ་གུ་དཱ་བའི་ཐོབ་ཐང་དང་སུའུ་ཝེ་ཨེའི་སྒྲིག་གཞིའི་འོག་གི་མི་ཚེའི་མྱོང་བ་ནན་བཤད་དང་འུད་སྒྲོག་བྱས་པ་དེས། ཚད་ངེས་ཅན་ཞིག་གི་ཐོག་ནས་མི་རྣམས་ཀྱིས་པཱ་པེར་གྱི་རྩོམ་རིག་གསར་རྩོམ་ལ་དོ་སྣང་བྱ་རྒྱུར་བར་ཆད་བཟོས་ཀྱང་འཛམ་གླིང་ཁྱབ་ཁོངས་ཀྱི་པཱ་པེར་གྱི་སྙན་གྲགས་ཆེ་རུ་གཏོང་བའི་ཐད་ཕན་པ་ཡོད་པ་རེད།
         པཱ་པེར་དང་ང་ཚོ་ཚང་མ་དགའ་འོས་པ་ཞིག་ནི། ད་ཆ་ཨུ་རུ་སུ་དང་ནུབ་ཕྱོགས་དང་ཡང་ན་ཀྲུང་གོ་བཅས་གང་ཡིན་ཡང་མི་རྣམས་ཀྱིས་པཱ་པེར་དང་ཡང་ན་ཁོང་གི་རྩོམ་རིག་བརྩམས་ཆོས་ལ་དོ་སྣང་སྔར་བས་ཆེན་པོ་བྱེད་ཆོག་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།