འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར། རང་རྒྱལ་རྒྱ་མཚོའི་སྟོབས་ཆེན་རྒྱལ་ཁབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཅན་སུང་དང་ལིའུ་ཧྲི་ཕིང་གིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            ཉིན་ལྟར་གཅིག་འཇགས་གཅིག་ལངས་དང་དྲག་ཏུ་་འཕྱུར་བའི་རྒྱ་མཚོའི་རྦ་རླབས་ཀྱི་སྒྲའི་ཁྲོད་2016ལོ་ཕྱོགས་སུ་རྫོགས་པར་ཉེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་རྒྱ་མཚོའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་བསྐྲུན་རྒྱུའི་བཀོད་སྒྲིག་གལ་ཆེན་གནང་བ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱིས་སྔར་བྱུང་མྱོང་མེད་པའི་ལས་དོན་སྒྲུབ་ཤུགས་ཆེན་པོའི་ཐོག་ནས་རྒྱ་མཚོར་དོ་ཁུར་དང་། ངོས་འཛིན། སྲུང་སྐྱོང་། ཇུས་བཀོད་བདག་གཉེར་བཅས་བྱས་ཡོད།
           2016ལོར་རང་རྒྱལ་གྱི་རྒྱ་མཚོའི་ཚན་རྩལ་རྨང་གཞིའི་མཐུན་རྐྱེན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཆུ་འབུད་ཚད་ཏུན་4500རིམ་པའི་རྒྱལ་ནང་གི་སྔོན་ཐོན་ཆེ་ཤོས་ཀྱི་རྒྱ་མཚོའི་ཕྱོགས་བསྡུས་ཚན་ཞིབ་གྲུ་གཟིངས“ཉི་གཏད་དམར་པོ་01”དང“ཉི་གཏད་དམར་པོ་03”རྟགས་ཅན་གཉིས་རུ་སྟར་ནང་ཞུགས་པ་དང་པུའུ་ཨུད་མང་པོས་མཉམ་དུ་བཙུགས་པའི་རྒྱལ་ཁབ་ཀྱི་རྒྱ་མཚོ་བརྟག་དཔྱད་གྲུ་གཟིངས་རུ་ཁག་ནང་ཞུགས་པའི་གྲུ་གཟིངས་46ཡོད་ཅིང་། ལོ་མང་པོ་འཆར་གཞི་བཀོད་པ་བརྒྱུད་རང་རྒྱལ་གྱིས་རང་རྟེན་བཟོ་སྐྲུན་བྱས་པའི་མཐའ་སྣེའི་རྟོག་ཞིབ་ཁྱགས་གཏོར་གྲུ་གཟིངས་དང་པོ་དང་། རྒྱ་མཚོའི་ཕྱོགས་བསྡུས་ཐོན་ཁུངས་བརྟག་དཔྱད་གྲུ་གཟིངས་གསར་པ། ཀླུ་མོ་རྟགས་ཅན་ཆེད་སྤྱོད་གྲུ་གཟིངས་ཨ་མ་བཅས་སྔ་རྗེས་སུ་བཟོས་པ་མ་ཟད། འཛམ་གླིང་གི་ཆེས་སྔོན་ཐོན་ཆུ་ཚད་ལྡན་པའི་གཤོག་པ་གཏན་འཇགས་ཀྱི་ལྷོ་སྣེའི་རྒྱང་འཛིན་གནམ་གྲུ“གངས་རྒོད་601”ལྷོ་སྣེའི་རང་རྒྱལ་གྱི་ལྟ་ཞིབ་ཚད་ལེན་ལ་སྤྱད་པས། རང་རྒྱལ་གྱི་ལྷོ་སྣེའི་རྟོག་ཞིབ་དེ“མཁའ་འགྲུལ་དུས་རབས”སུ་སླེབས་ཡོད།
           ཉེ་བའི་རྒྱ་མཚོ་ནས་གཏིང་རིང་དང་ཐག་རིང་རྒྱ་མཚོར་བསྐྱོད་པ་དང་། རྒྱ་མཚོར་རྟོག་ཞིབ་ནས་རྒྱ་མཚོར་ལྟ་ཞིབ་ཚད་ལེན་བྱེད་པའི་བར་བགྲང་བྱ་བཅུ་གྲངས་འཕེལ་རྒྱས་བྱུང་བ་བརྒྱུད་རང་རྒྱལ་གྱི་རྒྱ་མཚོའི་ཚན་རྩལ་གསར་གཏོད་དེ་སྤྱིའི་ཆར“འབོར་ཚད”ནས་བྱེ་བྲག་ཁྱབ་ཁོངས་ཀྱི“སྤུས་ཚད་ལ་ཚད་བརྒལ”བྱུང་བའི་དུས་མཚམས་སུ་སླེབས་ཤིང་། 2016ལོར་གོ་ལ་ཧྲིལ་པོའི་གཏིང་རིང་ཤོས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་མ་ལི་ཡ་ན་མཚོ་རོང་ལ“ཀྲུང་གོའི་དར་སྲོལ”ཞིག་ཆགས་པ་བྱས་ནས་གཏིང་རིང་རྒྱ་མཚོའི་རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་དེ“སྨི་ཁྲིའི་དུས་རབས”སུ་སླེབས་པར་བྱས་ཡོད།
            ཀྲུང་གོ་ཚན་རིག་ཁང་གི“འཚོལ་ཞིབ་ཨང་དང་པོ”རྟགས་ཅན་གྲུ་གཟིངས་མ་ལི་ཡ་ན་མཚོ་རོང་གི་གཏིང་ཟབ་ཤོས“འགྲན་སློང་གི་གཅོང་རོང་ཟབ་མོར”རང་བརྟེན་གསར་བཟོ་བྱས་པའི“མཚོ་གཏིང་གི་མཚོན་ཆ་རྣོ་ངར་ཅན”བརྐྱངས་ཏེ། གསར་གཏོད་ལྡན་པའི་ལས་ཀ་མང་པོ་བསྒྲུབས་པར་ཚད་བརྒལ་གྱི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོ་རྒྱ་མཚོའི་སློབ་ཆེན་གྱི“ཤར་ཕྱོགས་དམར་ཨང་2པའི” ཚན་རིག་རྟོག་ཞིབ་གྲུ་གཟིངས་མ་ལི་ཡ་ན་མཚོ་རོང་ལ་སླར་ཡང་སོང་ནས་མཚོའི་གཏིང་ཚད་སྨི་ཁྲིའི་སར་ཚན་ཞིབ་ལས་འགན་ལེགས་པར་བསྒྲུབས་ཡོད།
            2016ལོར་རང་རྒྱལ་གྱིས་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བར་ནུས་པ་སྔར་ན་མེད་པ་བཏོན་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་》ནང་ཐོག་མར་ཁྲིམས་ལུགས་ཀྱི་རྣམ་པའི་ཐོག་ནས་རྒྱ་མཚོའི་བྱེད་པོའི་བྱེད་ནུས་ཁུལ་འཆར་འགོད་ཀྱི་གནས་བབ་དང་ནུས་པ་གསལ་པོ་བཟོས་ནས་རྒྱ་མཚོའི་སྣོད་བཅུད་ཁོར་ཡུག་ལ་བཙོག་སྐྱོན་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་བ་མ་ཟད། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལམ་ལུགས་དེ་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་ལམ་ལུགས་ལ་གཏན་འཁེལ་བྱས་པ་དེས་སྣོད་བཅུད་ཁ་གསབ་བྱ་རྒྱུ་རྒྱ་མཚོའི་སྣོད་བཅུད་སྲུང་སྐྱོང་ཁྱབ་ཁོངས་སུ་འཇུག་རྒྱུ་རེད།
          “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་རྒྱལ་གྱིས་འདམ་ར་དང་། གྲམ་ཐང་། མཚོ་ཁུག མཚོ་གླིང་། ཆུ་མདོ། བྱུ་རུའི་གླེ་སོགས་དཔེ་མཚོན་ལྡན་པའི་སྣོད་བཅུད་མ་ལག་ལ་དམིགས་ནས“སྔོ་ཞིང་དྭངས་བའི་མཚོ་ཁུག”ཕྱོགས་བསྡུས་བཅོས་སྒྲིག་དང“སྣོད་བཅུད་བཟང་བའི་མཚོ་གླིང”སྲུང་སྐྱོང་ཉམས་གསོ་སོགས་ཀྱི་འདུ་འགོད་གཙོ་གནད་དུ་ལག་ལེན་བསྟར་རྒྱུ་ཡིན་ཞིང་། 2030ལོར་སླེབས་སྐབས་གཞི་རྩའི་ཆར“ཆུ་དྭངས་བ་དང་། ངོགས་སྔོ་ཐིང་ཐིང་། གྲམ་པ་གསལ་བ། མཚོ་ཁུག་མཛེས་པ། ཐོན་ཁུངས་འབེལ་བ”བཅས་ཀྱི་རྒྱ་མཚོའི་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ཀྱི་དམིགས་ཚད་འགྲུབ་ཐུབ་པ་བྱ་རྒྱུ་རེད།
          རྒྱལ་སྤྱིའི་མཚོ་མཐིལ་གྱི་ཁོར་ཡུག་སྲུང་སྐྱོང་དང་ལུགས་མཐུན་ངང་མཚོ་གཏིང་གི་ཐོན་ཁུངས་རྩད་ཞིབ་བེད་སྤྱོད་བྱ་ཆེད། 2016ལོར་རང་རྒྱལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏིང་རིང་མཚོ་མཐིལ་གྱི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བཅའ་ཁྲིམས》བཏོན་ཞིང་། དེ་ནི་རང་རྒྱལ་གྱི་སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་གྱིས་རྒྱལ་ཁབ་ཀྱི་དོ་དམ་བྱེད་ཁོངས་སུ་མ་ཐེ་བའི་མཚོ་ཁོངས་གཞན་ལ་གཏིང་རིང་མཚོ་མཐིལ་གྱི་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱེད་པའི་བཅའ་ཁྲིམས་ཚད་ལྡན་ཨང་དང་པོ་དེ་ཡིན་པ་རེད།
          རྒྱ་མཚོ་ནི་འགྲོ་བ་མིའི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་བར་སྟོང་ཞིག་ཡིན་ལ། ད་ཆ་འཛམ་གླིང་རྒྱལ་ཁབ་ཁག་ལ་འགྲན་རྩོད་ཀྱི་ལེགས་ཆ་ཐོབ་ཐབས་བྱེད་པའི་འཐབ་ཇུས་ཀྱི་བཙན་ས་ཞིག་ཀྱང་ཡིན་པ་རེད། རང་རྒྱལ་སྲིད་གཞུང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་ལྷོ་རྒྱ་མཚོའི་ཞི་བདེ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ“ཧྥེ་ལི་ཕིན་གྱི་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི”དགོད་བྲོ་བའི་རྙོག་སློང་ལ་ཁ་གཏད་ནུས་ལྡན་བཅག་པ་དང་། ཀྲུང་གོའི་མཚོ་དོན་ཉེན་རྟོག་གྲུ་གཟིངས་དཔུང་རུས་སྔར་རྒྱུན་བཞིན་ཤར་རྒྱ་མཚོའི་ཏེའོ་ཡུས་གླིང་ཕྲན་ལ་རྒྱུན་གཏན་བཞིན་སྐོར་གཡེང་བྱས་ནས་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།
          འགྲོ་བ་མིའི་ལོ་རྒྱུས་ཐོག“རྒྱ་མཚོའི་བྱ་གཞག་དར་ན་རྒྱལ་ཁབ་སྟོབས་ཆེ་དང་མི་དམངས་ཕྱུག་ཏུ་འགྲོ་བ་དང་། རྒྱ་མཚོའི་བྱ་གཞག་རྒུད་ན་རྒྱལ་ཁབ་ཉམས་པ་དང་མི་དམངས་དབུལ་དུ་འགྲོ་ལུགས”ར་འཕྲོད་བྱུང་ཡོད། སྤྱི་ལེ་ངོས་གྲུ་ཁྲི་300ཙམ་ལ་དོ་དམ་བྱེད་པའི་མཚོ་ཁོངས་དང་སྤྱི་ལེ་ཁྲི་1.8ཟིན་པའི་སྐམ་སའི་མཐའ་མཚམས་མཚོ་རྒྱུད་ཀྱི་རྒྱ་མཚོའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་ཅིག་བསྐྲུན་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཟློག་མེད་ཀྱི་ལམ་བུ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།