འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གྱི་འབྲོག་པ་དབུལ་པོས་བྲིས་ པའི་ཐང་ག་རྒྱལ་ཁབ་ཕྱི་ནང་དུ་
    བྲིན་ཁ་རྒྱུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཐང་གའི་རས་གཞི་འདིང་བ་དང་། སོལ་པིར་གྱིས་སྐྱ་ཐིག་འབྲི་བ། ཚོན་ཁ་སྒྲིག་པ་སོགས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཀྲོའུ་ཐུན་རིན་རྫོང་རེབ་གོང་རི་མོ་ཁང་དུ་སློབ་ཕྲུག་རྣམས་ཀྱིས་དགེ་རྒན་གྱི་མཛུབ་ཁྲིད་འོག་བློ་སེམས་རྩེ་གཅིག་གིས་འབྲི་བཞིན་འདུག
              2006ལོར་བསྐྲུན་པའི་རེབ་གོང་རི་མོ་ཁང་ནི་མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་རོང་བོ་གྲོང་རྡལ་སེང་གེ་གཤོང་གྲོང་ཚོར་ཆགས་པ་དང་། དེ་གར་གཙོ་བོར“ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག”སྟེ་རེབ་གོང་སྒྱུ་རྩལ་གསར་རྩོམ་དང་ཞིབ་འཇུག གསོ་སྦྱོང་། སྒྲིག་བཟོ། ཕྱིར་འཚོང་སོགས་ཀྱི་ལས་ཀ་གཉེར་གྱི་ཡོད། རྒྱལ་ཁབ་ཀྱི་བཟོ་རྩལ་མཁས་དབང་སོགས་མི་180འཛོམས་ནས་ལོར་ཆ་སྙོམས་ཐང་ག་སོགས་རེབ་གོང་སྒྱུ་རྩལ་ཐོན་རྫས་6000བཟོ་གི་ཡོད་པ་མ་ཟད། མིང་དང་ཆིང་རྒྱལ་རབས་དུས་ཀྱི་ཐང་ག་རྙིང་པ་དང་དེང་རབས་ཀྱི་རྒྱལ་ཁབ་རིམ་པའི་ལྷ་བྲིས་མཁས་པའི་བྲིས་མ་རྩེར་སོན་632ཉར་ཚགས་བྱས་ཡོད།
              རེབ་གོང་རྫོང་ནི་ཀྲུང་གོའི་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ཆེས་དབུལ་བའི་ཡུག་འབྲེལ་ས་ཁུལ་དུ་གནས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་འབྲོག་པ་དབུལ་པོ་དབུལ་སྒྲོལ་ཐུབ་ཆེད། རེབ་གོང་རྫོང་གིས་རང་རྫོང་ལ་མ་གཏོགས་མེད་པའི“རེབ་གོང་སྒྱུ་རྩལ”ལ་བརྟེན་ནས་དབུལ་སྐྱོར་ཐོན་ལས་དེ་ལྷ་བྲིས་པ་གསོ་སྐྱོང་བྱ་རྒྱུར་ཕྱོགས་ཤིང་། ཁྱད་ལྡན་ཐབས་ལམ་དེར་བརྟེན་ནས་འབྲོག་པ་དབུལ་པོ་དབུལ་ཕོངས་ཀྱི་གནས་ལས་གང་མགྱོགས་སྒྲོལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
              རེབ་གོང་སྒྱུ་རྩལ་ཁྲིད་སྦྱོང་ཁང་གི་འགན་འཁུར་བ་བཀྲ་ཤིས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། 2010ལོའི་ཟླ་11པ་ནས་བཟུང་། རེབ་གོང་རི་མོ་ཁང་གིས་མཚོ་སྔོན་གྱི་བོད་རིགས་ས་ཁུལ་དྲུག་ནས་ཡོང་བའི་དུད་ཁྱིམ་དབུལ་པོའི་འབྲོག་པ་བརྒྱ་ཙམ་བསྡུས་ནས་རི་མོ་ཁང་དུ་ལོ་ལྔའི་རིང་རིན་མི་དགོས་པར་ཐང་ག་འབྲི་སྟངས་སྦྱོང་དུ་བཅུག་པ་དང་། དེའི་དམིགས་ཡུལ་ནི་འབྲོག་པ་དབུལ་པོ་རེས་ལག་རྩལ་སྣ་རེ་སྦྱོང་ཐུབ་པར་བྱས་ནས་འབབ་འཕར་ཡོང་རྒྱུར་རོགས་རམ་བྱ་རྒྱུ་དང་ཆབས་ཅིག་རེབ་གོང་ཐང་གའི་སྒྱུ་རྩལ་སྔར་བས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་རེད།
             “ཐང་ག་བཞེངས་པའི་ལག་རྩལ་ཡོངས་སུ་བྱང་ཆུབ་དགོས་ན་ཉུང་མཐར་ཡང་ལོ་ལྔ་དགོས་ཀྱི་ཡོད། ལོ་ལྔའི་རིང་སློབ་མ་རྣམས་ཀྱིས་རིན་མི་དགོས་པར་རི་མོ་ཁང་དུ་ཟ་སྡོད་བྱས་ནས་ཐང་ག་སྦྱོང་ཆོག་པ་མ་ཟད། ཉིན་ལྟར་སྒོར་200(མི་དམངས་ཤོག་སྒོར། གཤམ་མཚུངས)ཡི་འཚོ་བའི་ཁ་གསབ་ཀྱང་རག་གི་ཡོད། འོན་ཀྱང་ཁ་གསབ་དངུལ་ཚང་མ་ནི་སློབ་མས་ལོ་ལྔ་ལག་ཤེས་སྦྱངས་ནས་ཐར་སོན་རྗེས་གཞི་ནས་རག་གི་ཡོད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་ཅིང་། ཁོང་གིས་མིག་སྔར་རི་མོ་ཁང་ནས་ཐོན་པའི་ཕྲུ་གུ་ཁ་ཤས་ཀྱིས་རང་བརྟེན་ལས་གཏོད་བྱས་པ་དང་ལ་ལས་སོ་སོའི་རི་མོ་ཁང་གཉེར་ནས་ཐང་ག་འབྲི་བཞིན་ཡོད་ཅེས་བཤད།
           “རི་མོ་ཁང་ནས་ཐོན་པའི་ལྷ་བྲིས་པ་དབང་ཆེན་ལ་ཆ་མཚོན་ན། ལོ་ལྔ་ལག་ཤེས་སྦྱངས་རྗེས་ཕྱིར་དགེ་ཕྲུག་ཁྲིད་ནས་ཐང་ག་འབྲི་སྟངས་བསླབས་ཏེ་ཉིན་རེའི་ཆ་སྙོམས་ཡོང་འབབ་སྒོར་300རག་གི་ཡོད། དེར་བརྟེན་འབྲོག་པ་དབུལ་པོ་སྔར་བས་མང་བས་ཐང་ག་སྦྱོང་བར་ཡོང་འདོད་ཡོད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
              “ཐང་ག་བྲིས་ན་རང་སེམས་རྣལ་དུ་ཕབ་ཐུབ་པ་མ་ཟད། ལག་ཤེས་ཐར་སོན་ན་ཁྱིམ་ཚང་ཕྱུག་པོར་ཡང་འགྱུར་ཐུབ། སྤྱིར་ཐང་ག་འབྲི་རྒྱུ་དཀའ་ལས་ཆེན་པོ་ཡིན། ཉིན་གང་རྐུབ་བཙུགས་ནས་སྡོད་དགོས་པས་རྐང་པའང་སྦྲིད་ཀྱི་ཡོད། འོན་ཀྱང་ད་ཆར་རི་མོ་ཁང་གི་དགེ་རྒན་ལ་ལོའི་ཡོང་འབབ་སྒོར་ཁྲི་10ལྷག་ཟིན་གྱི་ཡོད། འདི་ནི་ངའི་དམིགས་ཚད་ཡིན་ལ་སླད་ཕྱིན་ང་ལའང་ཡོང་འབབ་མཐོ་པོ་དེ་འདྲ་རག་རྒྱུའི་རེ་བ་ཡོད་ལ་རེབ་གོང་གི་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་སྔར་བས་ཡག་པོ་བྱ་འདོད་ཡོད”ཅེས་སློབ་ཕྲུག་དཔལ་གཡང་གིས་ཐང་ག་འབྲི་ཞོར་གསར་འགོད་པར་དེ་ལྟར་བཤད་བྱུང་།
              བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར“ད་ཆར་སློབ་ཕྲུག་མང་པོས་བྲིས་པའི་ཐང་ག་དག་ཐང་གའི་འགྲེམས་ཚོགས་སོགས་བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་དུ་བཙོང་གི་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་ལྟར་རི་མོ་ཁང་ནས་ཕྱི་རྒྱལ་དུ་བཙོངས་པའི་ཐང་གས་བཙོངས་ཚད་བསྡོམས་འབོར་གྱི་10%ཟིན་གྱི་ཡོད། མིག་སྔར་ཐང་ག་ཡག་པོ་ཞིག་ཡིན་ཚེ་ཕྱི་རྒྱལ་ལ་སྒོར་ཁྲི་5ནས་45ཡི་ཐོག་ནས་བཙོངས་ཐུབ་པས་ཐང་གའི་རིན་གོང་ཅི་ཙམ་མཐོ་ན་ཕྲུ་གུ་ཚོའི་ཡོང་འབབ་ཀྱང་དེ་ཙམ་གྱིས་མང་བ་དང་། ཕྲུ་གུ་ཚོའི་ཡོང་འབབ་མང་བར་གྱུར་ན་དབུལ་པོའི‘ཞྭ་མོ’ཡང་འཕུད་ཐུབ”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།