འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་སྒུལ་བདེའི་ཁ་པར་ཁྱབ་ཚད་མི་བརྒྱ་རེར་95.5ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འགྲེམས་སྤེལ་བྱས་པའི་《འཕེལ་རྒྱས་ཀྱི་དབང་ཆ། ཀྲུང་གོའི་འདུ་ཤེས་དང་། ལག་ལེན་དང་ལེགས་སྐྱེས་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ལས་མངོན་པར། 2015ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁ་པར་སྤྱོད་མཁན་ཁྱོན་ཁྲི་153673ཟིན་ཞིང་། དེའི་ནང་སྒུལ་བདེའི་ཁ་པར་སྤྱོད་མཁན་ཁྲི་130574ཟིན་པ་དང་ཁྱབ་ཚད་མི་བརྒྱ་རེར་95.5ཟིན་ཡོད་པ་རེད།
            རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 1978ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་343.4ལས་ཟིན་གྱི་མེད་པ་དང་། གྲོང་གསེབ་ཀྱི་གྲོང་མི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་133.6ལས་ཟིན་གྱི་མེད། 2015ལོར་རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21966ཟིན་པའི་ནང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་31195ཟིན་པ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11422ཟིན་ཡོད། 2015ལོར་རྒྱལ་ནང་གི་གྲོང་མི་མི་ཐེངས་ཁྲི་12786རྒྱལ་མཚམས་ལས་བསྒྲལ་བའི་ནང་སྒེར་དོན་གྱི་རྐྱེན་པས་རྒྱལ་མཚམས་ལས་སྒྲོལ་ཚད་མི་ཐེངས་12172ཟིན་ཡོད། དམངས་སྤྱོད་འཇིབ་ཆུང་ཡོད་ཚད་ཁྲི་9508ཟིན་པའི་ནང་སྒེར་གྱི་འཇིབ་ཆུང་ཁྲི་8793ཟིན་ཡོད་ཅེས་བསྟན་ཡོད་པ་རེད།
           ལས་ཞུགས་ཐད་རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པར་གཞིགས་ན། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་མི་གྲངས་མུ་མཐུད་མཐོ་རུ་སོང་ཞིང་། 2010ལོའི་མི་དུང་ཕྱུར་7.61ནས་2015ལོའི་མི་དུང་ཕྱུར་7.75བར་མང་དུ་སོང་བ་དང་། རྒྱལ་ཁབ་ཀྱིས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་པ་ཆེ་རུ་བཏང་ནས་དྲང་གཞག་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཞིང་། 2015ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྩལ་ནུས་ལྡན་པའི་ངལ་རྩོལ་པ་ཁྱོན་དུང་ཕྱུར་1.67ཟིན་པའི་ནང་རྩལ་ནུས་ཆེ་བའི་ཤེས་ལྡན་པ་ཁྲི་4501ཟིན་ཡོད་པ་རེད།
           རྒྱབ་ཤ་དཀར་པོའི་དེབ་ནང་། རྒྱལ་ཁབ་ཀྱིས་བྱ་ཐབས་སྤྱད་ནས་སློབ་ཐོན་སློབ་མར་ཐབས་ལམ་སྣ་ཚོགས་བརྒྱུད་ལས་ཞུགས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་། ལས་གཏོད་ལ་སྐུལ་འདེད་བཏང་བ། སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་བརྒྱབ་པ། དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མར་ལས་ཞུགས་བྱེད་རོགས་བྱས་ཡོད། ཉེ་བའི་ལོ་ཤས་རིང་མཐོ་སློབ་སློབ་ཐོན་སློབ་མ་ལོ་ལྟར་སློབ་གྲྭ་ནས་ཁ་འབྲལ་སྐབས་ལས་ཞུགས་ཐུབ་ཚད་70%ཡན་རྒྱུན་འཁྱོངས་བྱུང་བ་དང་། ལོ་མཇུག་ཏུ་སྤྱིའི་ལས་ཞུགས་ཐུབ་ཚད་90%ལྷག་ཙམ་ཟིན་ཡོད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།