འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཚ་ཁུལ་གྱི་ཤིང་འབྲས་ཡུན་ནན་བདེ་ཆེན་དུ་འཚར་སྐྱེས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླའི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འབྲས་ལྡན་དུས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐང་གསུམ་ཤང་གཙང་འགྲམ་གྲོང་ཚོར་ཆེ་ལ་དམར་བའི་ཤིང་འབྲས་འབྲུག་སིལ་གྱིས་ཁེངས་ཤིང་། གྲོང་མི་ལྔ་དྲུག་གིས་གྲལ་སྟར་འགྲིག་པའི་ཤིང་འབྲས་འབྲུག་སིལ་སྡོང་པོའི་བར་ལ་ཕར་འགྲོ་ཚུར་འོང་གིས་སྨིན་ཟིན་པའི་ཤིང་འབྲས་འཐུ་བར་རོལ་ཞིང་། འཁྱུག་ཙམ་ཞིག་ལ་ལམ་འགྲམ་གྱི་སི་ར་བཅུ་གྲངས་ཁེངས།
             ཤིང་འབྲས་སྒམ་ཆུང་ནང་བླུགས་པར་བྲེལ་བའི་འབྲུག་སིལ་རྟེན་གཞིའི་འགན་འཁུར་བ་དབྱང་ཞུའེ་ཀུང་གིས་གསར་འགོད་པར“ཤིང་འབྲས་འབྲུག་སིལ་འདེབས་འཛུགས་ར་བར་རྒྱ་ཁྱོན་མུའུ་5ཡོད། 2013ལོ་ནས་འགོ་བཙུགས་ཏེ་འདེབས་འཛུགས་བྱས་པ་ཡིན། 2015ལོར་གཞི་ནས་འབྲས་བུ་ཐ་ཐོར་བཏགས་འདུག འདི་ལོ་ཤིང་འབྲས་ཚང་མར་འབྲས་བུ་བཏགས་འདུག ད་ལྟ་འཐུ་བཞིན་པ་འདི་ནི་འདི་ལོའི་ཤིང་འབྲས་ཁག་གསུམ་པ་ཡིན་པ་དང་སྔོན་དཔག་བྱས་ན་ཐོན་འབོར་རྒྱ་མ་2000ལྷག་ཙམ་ཟིན་བཟོ་ཡོད་པའི་ཁར། ཁག་དང་པོའི་རྒྱ་མ་800ལྷག་ཙམ་དང་ཁག་གཉིས་པའི་རྒྱ་མ་1500ལྷག་ཙམ་བསྣན་ན་འདི་ལོ་ཁྱོན་ཤིང་འབྲས་རྒྱ་མ་4300ལྷག་ཙམ་ཟིན་རྒྱུ་ཡིན། ཁྲོམ་རའི་རིན་གོང་ལྟར་རྒྱ་མ་རེར་སྒོར་10བྱས་ནས་བཙོང་ན་འདི་ལོ་རྟེན་གཞིར་ཡོང་འབབ་སྒོར་ཁྲི་4ཡོང་བའི་ཁར་མྱུག་གསོ་བྱས་པ་བསྣན་ན་མུའུ་རེའི་ཐོན་ཚད་སྒོར་ཁྲི་ལ་ཉེ་བ་ཡོང་རྒྱུ་ཡིན”ཞེས་བཤད།
             གཙང་འགྲམ་གྲོང་ཚོ་འདི་ཉིད་དཔེ་མཚོན་ཅན་གྱི་སྐམ་ཚའི་རོང་སའི་རྒྱུད་དུ་གནས་པ་དང་། མཐོ་ཚད་ས་བབ་སྨི་1670ལས་མེད་པ། ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲིའི་ཏུའུ་13ཟིན་པ། ལོར་ཆར་པ་འབབ་ཚད་ཧའོ་སྨི་900ལས་ཟིན་གྱི་མེད་པ། སད་རྒྱག་པའི་དུས་ཡུན་ཉིན་30ཡང་ཟིན་གྱི་མེད། “ས་བབ་དམའ་བ་དང་། ཚ་བ་ཆེ་བ། འོད་དྲོའི་ཆ་རྐྱེན་ལེགས་པ། ས་གཤིས་བྱེ་ས་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་ཤིང་འབྲས་འབྲུག་སིལ་འདེབས་འཛུགས་བྱ་རྒྱུར་ཧ་ཅང་འཚམ་པོ་ཡོད”ཅེས་དབྱང་ཞུའེ་ཀུང་གིས་བཤད་པ་དང་ཁོང་གིས་འདི་ལོ་ཤིང་འབྲས་འབྲུག་སིལ་རྟེན་གཞིའི་ཐོན་འབབ་ལེགས་པོ་བྱུང་བར་བརྩི་མི་རུང་། སང་ལོ་དང་གནངས་ལོ་འབྲས་ཤིང་འཚར་སྐྱེས་བྱུང་བ་དང་ཆབས་ཅིག་ཐོན་འབོར་ད་དུང་མང་དུ་འགྲོ་གི་རེད། ཐོན་འབབ་ལེགས་པོ་བྱུང་བའི་དུས་སུ་མུའུ་རེ་ནས་འབྲུག་སིལ་སྤྱི་རྒྱ་5000ནས་6000བར་ཐོན་གྱི་རེད། མིག་སྔར་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་རྩིས་ཡོད་ཅེས་བཤད་པ་རེད།
              འབྲུག་སིལ་རྟེན་གཞིར་འབྲུག་སིལ་འཐུ་བཞིན་པའི་འདེབས་འཛུགས་པ་ཞིག་གིས་ང་ནི་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་དུད་ཚང་ནས་ཡིན། སྔོན་མ་ལོ་རེར་བྱུང་བའི་ཡོང་འབབ་དེ་ཁྱིམ་ཚང་གི་འཚོ་བ་འཁྱོལ་ཙམ་ལས་མེད། འདི་ལོ་འབྲུག་སིལ་འདེབས་འཛུགས་རྟེན་གཞིར་སླེབས་རྗེས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2ལ་ཉེ་བ་བྱུང་བའི་ཁར་མ་མཐའི་འཚོ་བའི་འགན་ལེན་དངུལ་དང་། བདེ་སྡོད་ཁང་པ་འཛུགས་སྐྲུན་རོགས་དངུལ། ཐོན་ལས་འདེགས་སྐྱོར་མ་དངུལ་སོགས་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་བསྣན་ན་དབུལ་སྒྲོལ་ཐུབ་རྒྱུ་ཉག་ཅིག་རེད་ཅེས་བཤད།
             གཙང་འགྲམ་གྲོང་ཚོའི་འགན་འཁུར་བས“དུས་ཡུན་རིང་པོའི་ནང་ཆུ་དཀོན་པའི་དབང་གིས་གཙང་འགྲམ་གྲོང་ཚོའི་ཞིང་ལས་ཐོན་སྐྱེད་དང་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་ཕོག་པ་དང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཅུང་དམའ་ཙམ་ཡོད། གནས་ཚུལ་དེར་དམིགས་ནས་གཙང་འགྲམ་གྲོང་ཚོའི་དོན་དངོས་དང་ཟུང་་འབྲེལ་བྱས་ཏེ་གྲོང་ཚོ་དེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས“མཉམ་ལས་མ་རྐང”གྲོང་ཚོར་ཚོད་ལྟའི་ངང་ལག་ལེན་བསྟར་བའི་སྐབས་དང་བསྟུན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོའི་ཁྲོད་གྲོང་ཁྱེར་ཞིང་ལས་ཚན་རྩལ་ཅུས་དང་ཆ་སྒྲིག་བྱས་ནས་གོང་རིམ་སྡེ་ཚན་ལ‘མ་རྐང་མཉམ་ལས་དཔལ་འབྱོར’སོགས་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ‘སྤྱི་ཁྱབ་ཀྲི་པུའུ་དང+ཀུང་སི+རྟེན་གཞི+ཞིང་དུད’བཅས་ཀྱི་མ་རྐང་མཉམ་ལས་དཔལ་འབྱོར་འཁོར་རྒྱུག་བྱེད་སྟངས་ཤིག་འཚོལ་ཞིབ་བྱས་ནས་བཙུགས་པ་དང་འབྲེལ། ཆུ་མང་པོ་མི་དགོས་པ་དང་དཔལ་འབྱོར་གྱི་རིན་ཐང་མཐོ་བའི་འབྲུག་སིལ་ཚོད་ལྟའི་སྒོ་ནས་འདེབས་འཛུགས་ཀྱང་བྱས་པ་རེད། འདི་ལོ་ཚོད་ལྟའི་ངང་འདེབས་འཛུགས་བྱས་པའི་འབྲུག་སིལ་སྡོང་པོར་འབྲས་བུ་བཏགས་པ་དག་བཏུས་ནས་ཁྲོམ་རར་བསྟན་པའི་ཐོན་རྫས་རིན་ཐང་དེ་སྲོལ་རྒྱུན་ཞིང་ལས་འདེབས་འཛུགས་ཀྱི་ཡོང་འབབ་ལས་མཐོ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།