འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་
    གྱི་འཆར་འགོད་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་གནང་རྗེས། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད་》(གཤམ་དུ《འཆར་འགོད་》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། 《འཆར་འགོད་》ནང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་བསམ་ཕྱོགས་དང་། གཞི་རྩའི་དམིགས་ཚད། ལས་འགན་གཙོ་བོ། འགན་ལེན་བྱ་ཐབས་བཅས་ཁ་གསལ་བཟོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དུས་ཚོད་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཏོན་པ་ནི་སླད་ཕྱིན་ལོ་ལྔའི་རིང་ས་ཆ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་སྐུལ་མ་གཏོང་བའི་ཕྱོགས་སྟོན་ཞིག་ཡིན་ལ། དབུལ་སྐྱོར་གྱི་འབྲེལ་ཡོད་ཆེད་དོན་འཆར་འགོད་བཟོ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
            ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ཤོས་ནི་དབུལ་སྒྲོལ་འགག་སྒྲོལ་ཐུབ་རྒྱུ་དེ་ཡིན་པ་དང་། ཞན་ཆ་ཆེ་ཤོས་ནི་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་མང་པོ་ཡོད་པ་དེ་རེད། 《འཆར་འགོད་》ནང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས་དང་གནད་སྨིན་རོགས་སྐྱོར་དང་ས་ཁོངས་ཡོངས་གསར་སྤེལ་བཅས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་བཅས་གཙོ་གནད་དུ་འཛིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་རྩ་བའི་འགན་ལེན་དུ་བྱས་ཏེ་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་མཐུན་སྦྱོར་གྱི་ནུས་པ་ཡག་པོ་འདོན་པ་དང་། དབུལ་པོའི་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཚོའི་ནང་གནས་ཀྱི་སྒུལ་ཤུགས་གང་ལེགས་འདོན་སྤེལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་འདུ་འགོད་ཁག་གཅིག་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། དབུལ་པོའི་ས་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གང་མགྱོགས་མེད་པར་བཟོ་བ། དབུལ་པོའི་ས་ཁུལ་དང་མི་འབོར་དབུལ་པོ་རང་ཉིད་ཀྱི་འཕེལ་རྒྱས་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས་ཞེས་བཏོན་པ་རེད།
            《འཆར་འགོད་》ནང་། དབུལ་སྒྲོལ་འགག་སྒྲོལ་ལས་ཀ་སྒྲུབ་སྐབས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ལྗང་མདོག་དང་། མཐུན་སྦྱོར། རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐྱེད་སྲིང་བྱ་རྒྱུ་སོགས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བཅས་བྱས་ནས། 2020ལོར་སླེབས་སྐབས། ད་ཡོད་ཀྱི་ཚད་གཞིའི་འོག་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་རྣམས་དབུལ་སྒྲོལ་ཐུབ་ནས་ཟས་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཡོད་པར་བྱེད་དགོས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ཁྲི་12.8ཀྱི་དབུལ་ཞྭ་གོ་རིམ་ལྡན་པའི་ངང་ཕུད་པ་དང་། རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་དེ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བཏོན་པ་རེད།
            ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཀྱི་གནད་དོན་གང་མགྱོགས་ཐག་གཅོད་བྱ་ཆེད། 《འཆར་འགོད་》ནང་། གནད་སྨིན་དབུལ་སྐྱོར་དང་ས་ཁོངས་ཧྲིལ་པོར་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་གྱི་འཆར་འགོད་མུ་མཐུད་ལག་ལེན་བསྟར་ནས། གཅིག་སྡུད་ཡུག་སྦྲེལ་གྱི་དཀའ་ངལ་ཧ་ཅང་ཆེ་བའི་ས་ཁུལ་ལ་དབུལ་སྐྱོར་དང་མ་འཇོག་བྱ་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ་སོགས་ཀྱི་ལས་གྲྭ་ཁག་གཅིག་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཚོ་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་གཏོང་བ། ས་ཁུལ་དབུལ་པོའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་མེད་པ་ཧུར་ཐག་བཟོ་བ། ས་ཁུལ་དབུལ་པོའི་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ། ས་ཁོངས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ནུས་ལྡན་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་པ་རེད།
           《འཆར་འགོད་》ནང་། གནད་སྨིན་དབུལ་སྐྱོར་དབུལ་སྒྲོལ་དང་། དབུལ་སྐྱོར་ཐོན་ཁུངས་སྐུལ་སློང་། མི་འབོར་དབུལ་པོ་ཞུགས་པ། མ་དངུལ་རྣམ་གྲངས་ལ་དོ་དམ་བཅས་དང་། དཔྱད་ཞིབ་དང་། འགན་འཁྲི་བདའ་འདེད། ལྕག་སྐུལ་སོགས་ཐད་དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ་དང་། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་སྐུལ་འདེད་གཏོང་བའི་དབུལ་སྐྱོར་གསར་སྤེལ་གྱི་རྣམ་པ་ཆེན་པོ་ཞིག་གཏོད་དགོས་པ་དང་། ཀྲུང་དབྱང་གི་སྤྱི་འདོམས་དང་། ཞིང་ཆེན་གྱིས་འགན་འཁྲི་གཙོ་བོར་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཆགས་པར་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།