འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་བྱ་གནས་སྤོས་ནམ་དུས་སུ་བོད་ཀྱིས“བཀག་སེལ་བྱ་སྤྱོད”སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
              མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དུས་བྱ་གནས་སྤོས་བྱེད་པའི་ནམ་དུས་སུ་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་བདག་ཏུ་མ་བཟུང་བའི་དུས་བྱར་སྲུང་སྐྱོབ་བྱེད་པའི“བཀག་སེལ་བྱ་སྤྱོད”ཧུར་ཐག་སྤེལ་བ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁག་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་མང་ཚོགས་སྐུལ་སློང་གང་ལེགས་བྱེད་པ་དང་ཁུངས་སྣེ་བསྡུ་རུབ་རྒྱ་ཁྱབ་བྱས་ནས་གང་བྱུང་རྔོན་རྒྱག་དང་ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཐུན་མོང་ཐོག་རྡུང་རྡེག་ཚ་ནན་གཏོང་བ་དང་བོད་ཡོངས་ཀྱི་རིམ་ཁག་ནགས་ལས་གཙོ་གཉེར་སྡེ་ཚན་གྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྲིམས་འགལ་ངང་རྔོན་རྒྱག་གི་ཁུངས་སྣེ་ཐེར་འདོན་གོང་ཞུའི་ཁ་པར་ཡོངས་བསྒྲགས་བྱས་པ་དང་འབྲེལ། ཐེར་འདོན་གོང་ཞུའི་ཁ་པར་ཆུ་ཚོད་24ཤར་གཏོང་ཐུབ་རྒྱུ་འགན་ལེན་བྱས་ཡོད་པ་རེད།
            “གཙང་སེལ་བྱ་སྤྱོད”ཡག་པོ་སྤེལ་ཆེད། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་དུས་བྱ་དགུན་སྒྲོལ་གྱི་གནས་དང་། གནས་སྤོས་ངལ་གསོའི་གནས། གནས་སྤོས་བརྒྱུད་ལམ། ཁྱུ་ཚོགས་སྡོད་ཁུལ་བཅས་ཀྱི་སྐོར་སྲུང་དང་ལྟ་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་འདབ་ཆགས་རིགས་གང་བྱུང་རྔོན་རྒྱག་གི་ཁྲིམས་འགལ་བྱེད་སྤྱོད་གཏན་འགོག་བྱེད་པ་དང་དུས་མཚུངས་དུས་བྱ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྲིམས་འགལ་ཁྲོམ་ར་དང་། སྐྱེལ་འདྲེན་ལམ་ཐིག ཟ་ཁང་། མེ་ཏོག་དང་བྱ་བྱིའུ་ཁྲོམ་ར། གཅེས་ཉར་སྲོག་ཆགས་ཚོང་ཁང་བཅས་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་གཞན་དག་དང་དེ་བཞིན་ཐོན་རྫས་གཉེར་སྐྱོང་ཅུང་གཅིག་སྡུད་ཁུལ་ལ་སྐོར་ཞིབ་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
            བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “གོམ་སྟབས་རྗེས་མར་བོད་ཡོངས་ཀྱི་རིམ་ཁག་ནགས་ལས་གཙོ་གཉེར་སྡེ་ཚན་གྱིས་《བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་ནན་པོར་གཞིགས་ནས་ཐེར་འདོན་བྱས་པའི་ཆ་འཕྲིན་ནམ་ཡང་ན་ཁུངས་སྣེར་དུས་ཐོག་ཏུ་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན”ཞེས་དང་གཞན་ཡང་འགན་འཁུར་བ་དེས“ཉེ་བའི་ལོ་ཤས་རིང་། བོད་དུ་གང་བྱུང་རྔོན་རྒྱག་གི་གནས་ཚུལ་ཐོན་མྱོང་མེད། དེའི་རྒྱུ་མཚན་ནི་ས་གནས་འདི་གའི་མི་རྣམས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་པས་རེད། གཞན་ཡང་ན་ནིང་དྲ་བའི་ཐོག་བོད་ཀྱི་མེ་ཏོག་རྫོང་དུ་རྩ་ཆེའི་འདབ་ཆགས་རིགས་རྔོན་རྒྱག་བྱེད་པའི་གནས་ཚུལ་སྐོར་མང་པོ་གླེང་བ་དེར་བརྟག་དཔྱད་བྱས་པ་བརྒྱུད་གནས་ཚུལ་དེ་ཧྥུའུ་ཅན་དུ་ཐོན་པ་ལས་བོད་དུ་ཐོན་མེད་པར་དཀྲོག་གཏམ་ཡིན་པ་ཤེས་རྟོགས་བྱུང་བ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།