འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཕ་ཡུལ་དང་གྲོང་གསེབ་ཏུ་ཕྱིར་ལོག་
    མི་སྣས་ལས་གཏོད་གསར་གཏོད་ཀྱིས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། 
    གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་
    སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་01ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཕ་ཡུལ་དང་གྲོང་གསེབ་ཏུ་ཕྱིར་ལོག་མི་སྣས་ལས་གཏོད་གསར་གཏོད་ཀྱིས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཞིང་པ་ལས་མི་དང་། སློབ་གྲྭ་མཐོ་འབྲིང་གི་སློབ་ཐོན་སློབ་མ། དམག་ཞབས་ཐིམས་པའི་དམག་མི། ཚན་རྩལ་མི་སྣ་སོགས་ཀྱིས་ཕ་ཡུལ་དང་གྲོང་གསེབ་ཏུ་ཕྱིར་ལོག་གིས་གྲོང་གསེབ་ཏུ་ལས་གཏོད་གསར་གཏོད་བྱ་རྒྱུར་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
         《བསམ་འཆར་》ནང་གཙོ་གནད་ནི་གཞི་ཁྱོན་ཅན་གྱི་ཞིང་ལས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། སྤྲོ་གསེང་ཞིང་ལས། གྲོང་གསེབ་ཀྱི་ཡུལ་སྐོར། ཐོན་སྐྱེད་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་བཅས་དང་དེ་བཞིན་ཐོན་ལས་གསར་པ་དང་། ལས་རིགས་གསར་པ། བྱ་ཐབས་གསར་པ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། འགན་གཙང་ལེན་དང་། བོགས་གཏོང་། མ་རྐང་ནང་ཞུགས་པ། མཉམ་ལས་སོགས་ཀྱི་རྣམ་པ་སྣ་ཚོགས་སྤྱད་ནས་ཁྱིམ་ཚང་གི་ཞིང་ར་དང་ནགས་ར་དང་ཞིང་པའི་མཉམ་ལས་ཁང་སོགས་ཀྱི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་སྣེ་འཁྲིད་ནས་གཉེར་དགོས་པ་དང་། ལས་གཏོད་ཚོགས་པ་དང་ཐོན་ལས་མནའ་འབྲེལ་བཙུགས་ནས་ལས་གཏོད་ཀྱི་བར་མཐོངས་གཏོད་དགོས་པ། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་འཕེལ་རྒྱས་གཏོང་བ་དང“དྲ་སྦྲེལ་+”ཀྱི་དེང་རབས་ཞིང་ལས་བྱ་སྤྱོད་ལག་ལེན་བསྟར་ནས་དྲ་ཐོག་ལས་གཏོད་བྱེད་དགོས་པ། མ་རྐང་མཉམ་ལས་ལམ་ལུགས་དང་། མ་རྐང་ལམ་ལུགས། མཉམ་ལས་ལམ་ལུགས་བཅས་ཀྱི་ཁེ་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་བདག་དབང་ཁ་གསལ་དང་། ཁེ་ཕན་མཉམ་སྤྱོད། ལམ་སྲོལ་སྟབས་བསྟུན་བཅས་ཀྱི་ལས་གཏོད་གསར་གཏོད་ཀྱི་གཅིག་མཐུན་འདུས་གྲུབ་སྐྱེད་སྲིང་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་ཁྲོམ་རར་འཇུག་འཐུས་སྟབས་བདེ་ཡོང་བ་བྱས་ནས་གཞུང་སར་ཐོ་འགོད་ཐད“ཐོགས་མེད་བགྲོད་ལམ”བཏོད་དེ་ཐོ་འགོད་དང་ལག་ཁྱེར་སོགས་ཀྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་རྩ་ཆག་གཏོང་དགོས། དངུལ་རྩའི་ཞབས་ཞུ་ལེགས་སུ་བཏང་ནས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་གཉེར་སྐྱོང་དབང་ཆ་གཏའ་མར་བཞག་ནས་དངུལ་བུན་གཡར་བའི་ཚོད་ལྟའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་ཏེ་ཞིང་ལས་སྒྲིག་བཀོད་དང་། ཞིང་འཕྲུལ་ཡོ་ཆས། སྐྱེ་དངོས་མ་རྩ་སོགས་གཏའ་མར་བཞག་པའི་དངུལ་བུན་གཡར་བའི་ལས་སྒོ་སྤེལ་རྒྱུ་འཚོལ་ཞིབ་བྱེད་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་རིན་གོང་སྟོན་གྲངས་འགན་བཅོལ་དང་། ཡོང་འབབ་འགན་བཅོལ། ཡིད་རྟོན་དངུལ་བུན་འགན་ལེན་འགན་བཅོལ། ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་འགན་ལེན་འགན་བཅོལ། ཁྱིམ་གསོའི་ཆུ་ཐོན་ཉ་གསོན་འགན་བཅོལ་སོགས་ཀྱི་གསར་གཏོད་ཚོད་ལྟ་བྱ་རྒྱུའི་འཚོལ་ཞིབ་བྱེད་དགོས། ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་འཛོམས་པའི་མི་སྣ་ད་ཡོད་ཀྱི་ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་པོའི་ཁྱབ་ཁོངས་དང་། ད་ཡོད་ཀྱི་ལས་གཏོད་སྲིད་ཇུས་རྒྱབ་སྐྱོར་གྱི་ཁྱབ་ཁོངས། ཁག་ཐེག་རྒྱབ་སྐྱོར་གྱི་ཁྱབ་ཁོངས་ནང་འཇུག་དགོས། ས་སྤྱོད་གློག་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱས་ནས་ཕ་ཡུལ་དང་གྲོང་གསེབ་ཏུ་ཕྱིར་ལོག་མི་སྣས་ཁྲིམས་བཞིན་མ་རྐང་ནང་ཞུགས་པ་དང་། མཉམ་ལས། བོགས་གཏོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་ཐོག་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་འཛུགས་སྐྲུན་ས་ཆ་སྤྱད་ནས་ལས་གཏོད་གསར་གཏོད་བྱེད་པ། རང་བདག་དང་བེད་མེད་ཀྱི་ཞིང་པའི་སྡོད་ཁང་དང་སྒོ་ར་སྤྱད་ནས་ཞིང་དུད་སྤྲོ་སྐྱིད་ཁང་འཕེལ་རྒྱས་གཏོང་བ། སྒྲིག་སྲོལ་བཞིན་ས་གནས་དེ་གའི་ཞིང་པའི་མཉམ་ལས་ཁང་གིས་ས་ཁང་སྤྱད་ནས་རང་གི་སྡོད་ཁང་སྐྲུན་པ། ཞིང་ལས་དང་ཞིང་ལས་ཞབས་ཞུའི་ལས་སྒོའི་ཞིང་ལས་ཐོན་རྫས་ལས་སྣོན་རགས་ཙམ་བྱེད་པར་གློག་སྤྱོད་སྐབས་ཞིང་ལས་ཐོན་སྐྱེད་ཀྱི་གློག་རིན་ལག་ལེན་བསྟར་དགོས། ལས་གཏོད་གསར་གཏོད་ཀྱི་གསོ་སྦྱོང་བྱས་ནས་ཕ་ཡུལ་དུ་ཕྱིར་ལོག་ལས་གཏོད་གསོ་སྦྱོང་གི་ལོ་ལྔའི་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་ཏེ་གསོ་སྦྱོང་གྲོན་དངུལ་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས། སྤྱི་ཚོགས་འགན་ལེན་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཕ་ཡུལ་དང་གྲོང་གསེབ་ཀྱི་ཕྱིར་ལོག་ལས་གཏོད་གསར་གཏོད་མི་སྣ་ལས་གཏོད་བྱ་ཡུལ་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྱི་ཚོགས་ཀྱི་འགན་བཅོལ་ཁག་ནང་ཞུགས་ཆོག་པ་དང་། ཐོག་མའི་དུས་སུ་ལས་གཏོད་ཡག་པོ་མ་བྱུང་བར་འཚོ་བའི་ཐད་དཀའ་ངལ་འཕྲད་རིགས་ལ་གཏན་འབེབས་གཞིར་བཟུང་སྤྱི་ཚོགས་ཀྱི་རོགས་སྐྱོར་ལོངས་སྤྱོད་བྱེད་ཆོག ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཚོ་དང་དུད་ཚང་དུ་ཆ་འཕྲིན་སྤེལ་བའི་འདུ་འགོད་འཛུགས་སྐྱོང་དང་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས། ད་ཡོད་ཀྱི་གསར་སྤེལ་ཁུལ་དང་། ཞིང་ལས་ཐོན་ལས་གླིང་། ཞིང་པའི་མཉམ་ལས་ཁང་སོགས་ལ་བརྟེན་ནས་ཕ་ཡུལ་དང་གྲོང་གསེབ་ཏུ་ཕྱིར་ལོག་གིས་ལས་གཏོད་གསར་གཏོད་བྱེད་པའི་གླིང་གསར་པ་ཁག་གཅིག་གཅིག་སྡུད་ཐོག་སྐྲུན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།