འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ནུབ་ཁུལ་ཡིས་གཞོན་ནུའི་ཡུལ་སྐོར་གསར་གཏོད་ལས་གཏོད་ཀྱི་འགྲན་
    བསྡུར་ཆེན་པོ་ཐེངས་དང་པོ་གཉེར་བ་ཐུགས་གྲ་ལེགས་འགྲིག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་01ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གུང་གཞོན་སྡེ་ཚོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱིས་གཙོ་གཉེར་བྱས་པའི་མཚོ་ནུབ་ཁུལ་གྱི་གཞོན་ནུའི་ཡུལ་སྐོར་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་གཏེར་ལེན་ཁ་གྲོང་ཁྱེར་དུ་གཉེར་བ་དང་། ཁུལ་ས་ཁུལ་ཁག་གི་གཞོན་ནུ་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་། དངུལ་རྩའི་ཁོངས་གཏོགས་ཀྱི་གཞོན་ནུའི་རྐང་འཛིན་པ། གཞོན་ནུ་ལས་གཏོད་པའི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
         ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་དེ་འདི་ལོའི་ཟླ་བ་དགུ་པར་གཉེར་འགོ་ཚུགས་ནས་མཚོ་ནུབ་ཁུལ་ཡུལ་སྐོར་ཁྱབ་ཁོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་གཞོན་ནུ་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་བཀུག་ཡོད་པ་རེད། འགྲན་ཞུགས་བདམས་ཐོན་པའི་ལས་གཏོད་རྣམ་གྲངས་ནང་ལོ་རྒྱུས་རིག་གནས་དང་། དམངས་སྲོལ་གོམས་གཤིས། མྱུལ་དཔྱད་སྤྲོ་གསེང་། ཡུལ་སྐོར་དྲན་རྟེན་དངོས་རྫས། O2Oལས་སྟེགས། བཟའ་བཏུང་རོལ་རྩེད་སོགས་ཚུད་ཡོད་པ་རེད། ཐོག་མའི་འགྲན་བསྡུར་དང་མཐའ་བསྡུར་རྣམ་གྲངས་ཀྱི་གྲ་སྒྲིག་ཞིབ་བཤེར་ཚོགས་འདུ་འཚོགས་པ་བརྒྱུད་རིགས་གཅིག་མཁས་ཅན་གྱིས་རྣམ་གྲངས་ཇུས་འགོད་ཀྱི་ཐོག་མའི་བསམ་བློ་དང་། སྔོན་དཔག་གི་འབྲས་བུ། ཚོང་ལས་བྱ་ཐབས། འཁོར་སྐྱོད་བྱེད་ཚུལ། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དང་དེ་བཞིན་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ནུས་སོགས་ཀྱི་ཐད་ཕྱོགས་བསྡུས་གདེང་འཇོག་བྱས་ནས་མཐར་རྣམ་གྲངས་ཁག་11མཐའ་བསྡུར་ནང་ཞུགས་ཡོད་པ་རེད། མཐར་གཏུགས“ཚྭ་འདམ་གྱི་ཚྭ་ཁའི་ཚྭ་མཚེའུའི་མི་རིགས་རིག་གནས་ཡུལ་སྐོར་དྲན་རྟེན་དངོས་རྫས་གསར་སྤེལ”གྱི་རྣམ་གྲངས་ལ་ད་ཐེངས་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་ནང་དམིགས་བསལ་གསར་གཏོད་བྱ་དགའ་ཐོབ་པ་དང་གསར་གཏོད་ཐེབས་རྩའི་མ་དངུལ་སྒོར་ཁྲི་5རག་ཡོད་པ་རེད།
         ད་ཐེངས་བྱེད་སྒོའི་དམིགས་ཡུལ་ནི་རྒྱ་ཆེའི་གཞོན་ནུ་ཚོའི་གསར་གཏོད་ཀྱི་འདུ་ཤེས་དང་། གསར་གཏོད་ཀྱི་བསམ་གཞི། གསར་གཏོད་ཀྱི་ནུས་པ། གསར་གཏོད་ཀྱི་སྙིང་སྟོབས་བཅས་ལ་སྔར་བས་སྐུལ་འདེད་བཏང་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་ཕུགས་བསམ་ལྡན་པའི་ལས་གཏོད་གཞོན་ནུ་ཁུལ་དེ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་གཞོན་ནུའི་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།