འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཁྲལ་གཡོལ་ལ་ངོ་རྒོལ་བྱེད་པའི་གྱོད་གཞི་ཐོག་མར་ཞིབ་བཤེར་
    ཐག་གཅོད་བྱས་པ། 

    ཁྲལ་དངུལ་སྣ་ཚོགས་སྒོར་ཁྲི་46ལྷག་ཙམ་གསབ་འཇལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་01ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ཀྱི་ཁྲལ་གཡོལ་ལ་ངོ་རྒོལ་བྱེད་པའི་གྱོད་གཞི་ཐོག་མར་དངོས་སུ་ཁྲུན་ཐག་བཅད་ཅིང་། འབྲེལ་ཡོད་ཁེ་ལས་ཀྱིས་ཁྲལ་དངུལ་སྣ་ཚོགས་དང་དེ་བཞིན་སྐྱེད་ཀ་སྒོར་ཁྲི་46ལྷག་ཙམ་གསབ་འཇལ་བྱས་ཤིང་། རྒྱལ་ནང་གི་ཞིང་ཆེན་མང་པོ་ཞིག་གི་ཁེ་ལས་གྱོད་གཞི་དེ་དང་འབྲེལ་བ་ཡོད་པ་རེད།
         གསར་འགོད་པར་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དྲུག་པར་བོད་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་ཀྱི་ཁྲལ་གཡོལ་ལ་ངོ་རྒོལ་བྱེད་མཁན་ཚོགས་པ་དང་པོ་སྟེ། ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཁྲལ་གཡོལ་ལ་ངོ་རྒོལ་བྱེད་མཁན་ཚོགས་པ་དངོས་སུ་བཙུགས་ཤིང་། ཕྱོགས་ཁག་གི་དཔྱད་ཡིག་འཚོལ་ཞིབ་དང་རྩིས་ཐོའི་དཔང་འཛིན་འབོར་ཆེན་ལྟ་བཤེར་བྱས་པའི་རྨང་གཞིའི་ཐོག ཁྲལ་གཡོལ་ལ་ངོ་རྒོལ་བྱེད་མཁན་ཚོགས་པས་ལྷ་ས་གྲོང་ཁྱེར་གྱི་ཨར་ཁང་ཞིག་ཁྲལ་གཡོལ་ལ་ངོ་རྒོལ་བྱེད་པའི་གྱོད་གཞིའི་བརྟག་དཔྱད་བྱ་ཡུལ་དང་པོར་གཏན་འཁེལ་བྱས་པ་རེད།
         གྱོད་སྒྲུབ་མི་སྣས་ངོ་སྤྲོད་བྱས་པར། གྱོད་གཞི་དེ་བོད་དང་། སི་ཁྲོན། ཧྥུའུ་ཅན། ཧྲང་ཧའེ་སོགས་ཀྱི་འབྲེལ་ཡོད་ཁེ་ལས་དང་འབྲེལ་བ་ཡོད་ཅིང་། རྒྱལ་ནང་གི་ཁྲལ་བསྡུའི་གྲགས་ཅན་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་དང་བསམ་འཆར་འོག གྱོད་སྒྲུབ་ཚོགས་པས་ཐབས་ལམ་སྣ་མང་དང་བྱ་ཐབས་སྣ་ཚོགས་ཀྱིས་འབྲེལ་ཡོད་དཔྱད་ཡིག་འཚོལ་ཞིབ་བྱས་པ་དང་། གྲངས་གཞི་འབོར་ཆེན་ལ་དབྱེ་ཞིབ་དང་ཚད་ལེན་ཞིབ་རྩིས་བྱས་པ་དང་འབྲེལ། མི་སྣ་སྒྲིག་འཛུགས་ཀྱིས་ཁྲོམ་རར་བརྟག་ཞིབ་བྱས་ནས་ལས་རིགས་ཀྱི་ཁྱད་ཆོས་དང་ཁྲོམ་རའི་ཁོར་ཡུག་སྟངས་འཛིན་བྱས་ཏེ། བརྟག་ཞིབ་ལས་དོན་སྤེལ་བར་གྲངས་གཞིའི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།
         ཟླ་བ་བཞིའི་རིང་བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད། གྱོད་སྒྲུབ་ཚོགས་པ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁེ་ལས་དབར་འབྲེལ་མཐུད་ཡང་ཡང་བྱས་ནས་རིགས་པས་ཁུངས་སྐྱེལ་དང་བསམ་འཆར་བསྡུ་རེས་ཧུར་ཐག་བྱས་པ་བརྒྱུད། མཐར་ཁྲལ་གཡོལ་ལ་ངོ་རྒོལ་བྱེད་པའི་བཅོས་སྒྲིག་ཇུས་གཞིའི་ཐད་ཁེ་ལས་དབར་ངོས་འཛིན་གཅིག་མཐུན་བྱུང་ནས། ཁྲལ་དངུལ་སྣ་ཚོགས་དང་འགྱངས་ཆད་དངུལ་ཁྱོན་སྒོར་ཁྲི་46.99གསབ་འཇལ་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་གྱོད་གཞི་དེ་ཐག་གཅོད་ཐུབ་པ་དེས་བོད་དུ་ཁྲལ་གཡོལ་ལ་ངོ་རྒོལ་བྱེད་པའི་གྱོད་གཞི་ཐོག་མ་རྩད་ཆོད་པ་རེད་ཅེས་བཤད། ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས། སླད་ཕྱིན་རྒྱལ་མཚམས་ལས་སྒྲོལ་བའི་ཁྲལ་ཁོངས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཁྲལ་བསྡུའི་བསྡུ་ལེན་དོ་དམ་གྱི་གཞོགས་འདེགས་བྱ་ཐབས་སྣ་ཚོགས་སྤྱོད་པ། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་མཉམ་ལས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱ་ཐབས་རབ་དང་རིམ་པ་བརྒྱུད། ཕྱོགས་བསྡུས་བྱང་ཚད་ཅུང་མཐོ་བའི་ཁྲལ་གཡོལ་ལ་ངོ་རྒོལ་བྱེད་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་དེ། ཁྲལ་གཡོལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་གསར་པ་ཞིག་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།