འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གསར་གཏོད་བྱས་ནས་ཕྱུག་འགྱུར་
    ཐབས་ལམ་བཏིང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྣམ་བུ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་འཁལ་འཐག་ཐོན་རྫས་ཤིག་ཡིན་ཞིང་། གཙོ་བོ་མི་རིགས་ཀྱི་གྱོན་ཆས་དང་། ཞྭ་ལྷམ། ཀམ་པ་ལི་སོགས་བཟོ་གི་ཡོད། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་དེང་རབས་ཚན་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་སྣམ་བུ་འཐག་རྩལ་ལེགས་སུ་བཏང་བས། སྣམ་བུའི་ཐོན་རྫས་ཀྱི་སྤུས་ཚད་དང་ཚོང་འབོར་མང་དུ་སོང་བ་མ་ཟད་མེས་པོས་བཞག་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ཐབས་ལམ་གསར་པ་ཞིག་ཀྱང་རྙེད་པ་རེད།
         མི་རིང་བའི་གོང་གཉེར་བའི་བོད་ལྗོངས་གྲ་ནང་སྣམ་བུའི་རིག་གནས་དུས་ཆེན་གྱི་ཚོང་ཟོག་འགྲེམས་ཚོང་བྱ་ཡུལ་དུ་སི་ཁྲོན་ནས་ཡིན་པའི་ཡུལ་སྐོར་བ་ཞིག་གིས་ལག་ཕད་གཅིག་ལ་ཧ་ཅང་མོས་པོ་བྱུང་ནས“ལྟོ་ཕད་ཀྱི་བཟོ་ལྟར་མི་རིགས་ཀྱི་ཉམས་འགྱུར་ཡོད་པ་མ་ཟད་དར་སོའང་ཆེན་པོ་འདུག ང་གཅིག་ཉོ་གི་ཡིན”ཞེས་བཤད། ཁྲོམ་བཀྱག་མང་པོའི་སྟེང་གི་རྒྱ་ལོག་བཏང་བའི་ལྟོ་ཕད་འདི་རིགས་ལ་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད་པ་གསར་འགོད་པས་མཐོང་བྱུང་།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྟོ་ཕད་དེ་དག་ནི་གྲ་ནང་ཨ་ཆོས་མི་རིགས་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་རྫས་གཙོ་བོ་ཡིན་ཞིང་། རྒྱུ་ཆ་གཙོ་བོ་ཀོ་བ་ཡིན་པ་དང་ལྟོ་ཕད་ཀྱི་ངོས་སུ་རྒྱ་ལོག་བཏང་ཡོད། སྤྱི་ཁྱབ་ཅིང་ལི་ཚེ་རིང་ཆོས་གྲགས་ཀྱིས་ཀོ་བ་དེ་དག་ནང་ས་ནས་འཁྱེར་ཡོང་བ་ཡིན། རྒྱ་ལོག་དེ་དག་གཙོ་བོ་རང་བརྟེན་གསར་གཏོད་ཀྱི་ལག་རྩལ་གསར་པར་བརྟེན་ནས་བོད་ནས་ཐོན་པ་ཤ་སྟག་རེད་ཅེས་གསར་འགོད་པར་བཤད་བྱུང་།
         དེ་སྔ་སྣམ་བུ་འཐག་རྩལ་ཅུང་ཞན་པ་དང་སྣམ་བུ་ལས་སྣོན་ཁེ་ལས་ཁག་གཅིག་གིས་ལག་ཤེས་ཁོ་ནར་བརྟེན་ནས་སྣམ་བུའི་ལྟོ་ཕད་བཟོ་གི་ཡོད་པས་ཐོན་འབོར་མང་པོ་མེད་ལ་སྤུས་ཀའང་དག་པོ་མེད། “ལག་ཤེས་སྣམ་བུར་སྤུ་ལངས་སླ་བའི་གནད་དོན་ཐག་གཅོད་བྱ་ཆེད། ང་ཚོས་ཆེད་མངགས་སྣམ་བུར་ཇེམ་ཙེ་རྒྱག་ཆས་ཤིག་བཟོས་པ་ཡིན། ཟླ་3ལྷག་ཙམ་ཚོད་ལྟ་བྱས་པ་བརྒྱུད། སྣམ་བུར་ཇེམ་ཙེ་རྒྱག་ཆས་དེ་འཆར་འགོད་བྱེད་པ་ནས་ལྷུ་ལག་སྒྲིག་པ་དང་སྒྲོམ་གཞི་བསླངས་མཐར་སྲོལ་རྒྱུན་གྱི་སྣམ་བུ་འཐག་རྩལ་ལེགས་སུ་གཏོང་ཐུབ་སོང”ཞེས་བཤད།
         སྣམ་བུ་འཐག་རྩལ་ལེགས་སུ་བཏང་རྗེས། ཁྲོམ་རའི་དགོས་མཁོ་གཞིར་བཟུང་ཡུལ་དེ་གའི་སྣམ་བུའི་ཁེ་ལས་ཀྱིས་ཀོ་བས་བཟོས་པའི་ལག་ཕད་དང་རྒྱབ་ཕད་སོགས་ཐོན་རྫས་བཅུ་ལྷག་ཙམ་སྔ་རྗེས་སུ་ཁྲོམ་རར་བཏོན་པ་རེད། ཚེ་རིང་ཆོས་གྲགས་ཀྱིས“ལག་རྩལ་ལེགས་སུ་དང་གསར་གཏོད་བྱས་པ་དེས་བྲིན་ཁ་སྔར་བས་རྒྱུག་ཏུ་ཕྱིན་སོང་། འཐག་རྩལ་ལེགས་སུ་བཏང་རྗེས་ཀོ་བས་བཟོས་ནས་རྒྱ་ལོག་བཏང་བའི་ལྟོ་ཕད་ཀྱི་ལོ་རེའི་བྲིན་ཚོང་དངུལ་འབོར་སྒོར་ཁྲི་5ནས་ཁྲི་80བར་འཕར་བ་དང་ཡུལ་འདི་གའི་མང་ཚོགས་50ལྷག་ཙམ་ལས་ཞུགས་ཐུབ་ཡོད”ཅེས་བཤད།
         གྲ་ནང་རྫོང་གི“སྣམ་བུའི་གྲོང་ཚོ་དང་པོ”ཞེས་སུ་གྲགས་པའི་གསེར་ཀོང་གྲོང་ཚོའི་གྲོང་མིས་ལག་རྩལ་གསར་པར་བརྟེན་ནས་སྣམ་བུ་ལས་སྣོན་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་གི་འགན་འཁུར་བ་ཀུན་བཟང་ནོར་བུས“མཉམ་ལས་ཁང་གིས་གྲོང་མི་30ལྷག་ཙམ་ལ་ཞིང་དལ་སྐབས་འབབ་འཕར་ཡོང་བའི་གོ་སྐབས་བསྐྲུན་པས་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་སྟོང་ཕྲག་ཁ་ཤས་ཡོང་གི་ཡོད། ད་དུང་གྲོང་ཚོའི་ནང་གི་བལ་དམིགས་འཛུགས་ཀྱིས་ཉོ་གི་ཡོད་པས་མང་ཚོགས་ཚོ་ཕྱིར་འགྲོ་མི་དགོས་པར་འབབ་འཕར་ཕྱུག་འགྱུར་བྱུང་ཡོད”ཅེས་བཤད།
         ཚན་རྩལ་གསར་གཏོད་ལས་ཡུལ་དེ་གའི་མང་ཚོགས་ལ་ཕན་བདེ་བྱུང་ཡོད། 2015ལོ་ཁོ་ནར། གྲ་ནང་རྫོང་གི་སྣམ་བུའི་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་2172ཟིན་པ་དང་ངལ་ནུས་མི་420གཏན་འཇགས་ལས་ཞུགས་ཐུབ་ཡོད། གྲ་ནང་རྫོང་ཚོང་དོན་དཔལ་འབྱོར་མཉམ་ལས་ཅུས་ཀྱི་ཅུས་ཀྲང་ལྷ་མཚོ་མོས“རྫོང་གིས་སྣམ་བུའི་ཐོན་ལས་གླིང་བསྐྲུན་ཏེ་སྲོལ་རྒྱུན་གྱི་བཟོ་རྩལ་སྲུང་འཛིན་བྱ་རྒྱུ་མ་ཟད་སྣམ་བུ་འཐག་རྩལ་གསར་གཏོད་ལ་དེ་བས་ཡངས་བའི་ལས་སྟེགས་བཏོད་དེ་མང་ཚོགས་ལ་ལས་གནས་བརྟན་པོ་ཡོང་རྒྱུའི་འཆར་འགོད་བྱེད་བཞིན་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།