འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཀྲོའུ་ཡིས“སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ”བསྐྲུན་རྒྱུར་སྐུལ་
    འདེད་བཏང་བ།

    ནགས་ཚལ་སྟུག་པོའི་ཁྲོད་གྲོང་མིའི་སྡོད་ཁང་གསར་པ་གྲལ་སྟར་འགྲིག་པོས་གནས་པའི་མཛེས་སྡུག་གི་རྣམ་པ་དེ་ནི་རི་མོ་མཁས་པའི་པིར་ལས་ཐོན་པ་ལྟར་དུ་སྣང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 11:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་གཉིས་རིང་། ཀན་ལྷོ་ཀྲོའུ་ཡིས་ནུས་ཤུགས་ཡོད་རྒུས“སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ”བསྐྲུན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་བྱས་པ་དང་དུས་མཚུངས། མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་འདུ་ཤེས་ནང་མཉམ་འདྲེས་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མཛེས་ལྗོངས་ཁུལ་ཁག་གཅིག་རགས་ཙམ་བསྐྲུན་ཟིན་པ་དང་ཁག་གཅིག་ད་ལྟ་འཆར་འགོད་དང་སྐྲུན་བཞིན་ཡོད་པས། བོད་རིགས་ས་ཁུལ་གྱི་ཞིང་འབྲོག་གྲོང་ཚོའི་ཡུལ་སྲོལ་གོམས་གཤིས་བརྗོད་དོན་གཙོ་བོར་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་ཐད་ཐོད་བརྒལ་ཡོང་རྒྱུར་ནུས་པ་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད་པ་རེད།
         སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་ཁྲོད་ཀན་ལྷོ་ཀྲོའུ་ཡིས་གྲོང་ཚོའི་གནས་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་ཁྱད་ཆོས་ངོ་མ་སོར་ཉར་བྱས་པ་མ་ཟད། ད་དུང་གྲོང་ཚོའི་ལོ་རྒྱུས་དང་རིག་གནས་ཀྱང་སྔོག་འདོན་བྱས་ཏེ་བོད་རིགས་ས་ཁུལ་གྱི་གྲོང་ཚོའི་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ནས་གྲོང་ཚོ་རེར་སྤུས་དག་རེ་བཏོད་ཡོད། དེ་དང་དུས་མཚུངས་མངའ་ཁོངས་ཡོངས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་བསྐྲུན་རྒྱུའི་དམིགས་ཚད་བཏོན་ནས་སྣོད་བཅུད་དང་། ཡུལ་སྐོར། མི་རིགས་སོགས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་བཙུགས་ཏེ་གྲོང་རྡལ་དང་གྲོང་ཚོ་ཁག་གི་ལོ་རྒྱུས་གནའ་ཤུལ་དང་ཡུལ་སྲོལ་གོམས་གཤིས་སྔོག་འདོན་བྱས་ཁར། གྲོང་ཚོ་སྔོ་ལྗང་ཅན་དང་། གྲོང་གསེབ་ཀྱི་གོམས་སྲོལ་ལྡན་པའི་ཁང་པ། ཁྱད་ལྡན་རྣམ་གྲངས་སོགས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། རི་དང་། ཆུ། ནགས་ཚལ། རིག་གནས་བཅས་ལ་བསྟུན་དགོས་པའི་རྩ་དོན་ལ་བརྩི་སྲུང་ཞུ་བ། དམིགས་ཚད་མཐོ་པོའི་ཐོག་ནས་གྲོང་ཚོའི་སྤྱིའི་འཆར་གཞི་འགོད་པ། བོད་རིགས་ཀྱི་རིག་གནས་གཞི་རྒྱུ་མཉམ་འདྲེས་བྱེད་པ། གདོད་མའི་སྣོད་བཅུད་ཁག་ལ་སྲུང་སྐྱོང་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཁོར་ཡུག་གིས་གྲོང་ཚོ་མཉམ་དུ་སྦྲེལ་ནས་སྒེར་འཁོར་བཏང་སྟེ་ཡུལ་སྐོར་བྱེད་པའམ་རྐང་འཁོར་བཞོན་ནས་ཡུལ་སྐོར་བྱེད་པ། རྐང་ཐང་མར་ཡུལ་སྐོར་བྱེད་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་ཅིག་ཆགས་ཡོད་ལ། “ཕྱུག་མཛེས་དགོད་བྲོ་དང་འཆམ་མཐུན”བཅས་གཞི་གཅིག་ཏུ་འདུས་པའི་ལྟ་སྐོར་དང་ངལ་གསོ་རྒྱག་ས་ཡོད་ལ་གནས་སྡོད་བྱེད་བདེ་ལ་ཡུལ་སྐོར་བྱེད་བདེ་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་ཞིག་བསྐྲུན་པ་རེད།
         ཀན་ལྷོ་ཀྲོའུ་ཡིས་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཐོན་ཁུངས་དེ་ལྟ་སྐོར་དང་། ཉམས་ལེན། སྤྲོ་གསེང་བཅས་ཀྱི་ཡུལ་སྐོར་གཞི་རྒྱུར་བསྒྱུར་ནས་ཀྲོའུ་ཡོངས་ཀྱི་ཤང་གྲོང་ཁག་དང་གྲོང་ཚོ་ཁག་གིས་མངའ་ཁོངས་ཡོངས་ཡུལ་སྐོར་ཁུལ་ཡིན་པའི་ཐོན་ལས་ལ་དམིགས་ཏེ། རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་གཏོད་དེ་གཅིག་རྗེས་གཉིས་མཐུད་ངང་ཞིང་ནང་དང་ཞིང་ཁྱིམ་ཡུལ་སྐོར་དང་། གནའ་བོའི་གྲོང་རྡལ་དང་གྲོང་གསེབ་ཡུལ་སྐོར། གྲོང་གསེབ་ཀྱི་དམངས་སྲོལ་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།