འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཆི་ལིའི་དབར་གྱི་གཉིས་ཕན་མཉམ་ལས་དེ་སྤུས་ཚད་མཐོར་གཏོང་དང་རིམ་
    སྤོར་མགྱོགས་སུ་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དུས་རབས་གསར་པར་སླེབས་ཚུན་ཀྲུང་གོ་དང་ཆི་ལིའི་དབར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་གོང་འཕེལ་མྱུར་པོ་བྱུང་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་མི་སྣའི་དབར་འགྲོ་འོང་བྱེད་མང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ། དཔལ་འབྱོར་ཉོ་ཚོང་གི་འབྲེལ་བར་མུ་མཐུད་ཤུགས་སྣོན་ཐེབས་པ། ཕྱོགས་གཉིས་པོའི་མཉམ་ལས་ཐད་བཀྲག་མདངས་འཚེར་མང་དུ་འགྲོ་བ་བཅས་ལས་གཉིས་ཕན་མཉམ་ལས་དེ་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་མགྱོགས་སུ་གཏོང་འགོ་ཚུགས་ཡོད་པ་རེད།
         2014ལོའི་ཟླ་7པར། ཀྲུའུ་ཞི་ཞིས་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད་ལ་ཞུགས་རིང་ཆི་ལིའི་ཙུང་ཐུང་པ་ཆེ་ལའེ་ཐེ་དང་མཇལ་འཛོམས་གནང་བ་དང་། ལོ་དེའི་ཟླ་11པར་པ་ཆེ་ལའེ་ཐེ་པེ་ཅིང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པ་དང་འབྲེལ་ཀྲུང་གོར་ལས་དོན་འཚམས་འདྲི་གནང་ནས་ཀྲུང་གོ་དང་ཆི་ལིའི་དབར་གྱི་འགོ་ཁྲིད་པར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་གོང་འཕེལ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ཡོད་པ་རེད།
         ཆི་ལི་ནི་ཨ་མེ་རི་ཀ་ལྷོ་མ་ནས་ཀྲུང་གོ་དང་འབྲེལ་བ་འཛུགས་མཁན་རྒྱལ་ཁབ་ཨང་དང་པོ་དེ་རེད། 1970ལོའི་ཟླ་12པར་འབྲེལ་བ་བཙུགས་ཚུན་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འབྲེལ་བ་འཕེལ་རྒྱས་ཧ་ཅང་ཡག་པོ་བྱུང་ཡོད། 2005ལོར་ཆི་ལི་འདི་ཉིད་འཛམ་གླིང་ཁྱབ་ཁོངས་ནས་ཀྲུང་གོ་དང་རང་མོས་ཉོ་ཚོང་གི་གྲོས་ཆོད་བཞག་མཁན་རྒྱལ་ཁབ་ཨང་དང་པོར་གྱུར་ཡོད། 2014ལོར་རྒྱལ་ཁབ་གཉིས་པོའི་དབར་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་341.52ཟིན་པ་དེ་ནི་རང་མོས་ཉོ་ཚོང་གི་གྲོས་དོན་མ་བཞག་གོང་གི་ལྡབ་4.8རེད། མིག་སྔར། ཀྲུང་གོ་འདི་ཉིད་ཆི་ལིའི་ཉོ་ཚོང་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་དང་། ཕྱིར་གཏོང་བྱ་ཡུལ་རྒྱལ་ཁབ་ཆེ་གྲས་ཨང་དང་པོ། ནང་འདྲེན་ཡོང་ཁུངས་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་བཅས་སུ་གྱུར་ཡོད།
         རང་མོས་ཉོ་ཚོང་གི་གྲོས་ཆོད་ལ་མིང་རྟགས་བཀོད་ནས་ལག་ལེན་བསྟར་ཚུན་ཀྲུང་གོ་དང་ཆི་ལི་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་དེ་སྣ་མང་ཅན་གྱི་ཕྱོགས་སུ་གོང་འཕེལ་བྱུང་ནས་ཀྲུང་གོའི་ཐོན་རྫས་སྤུས་ལེགས་ཆི་ལིའི་ཁྲོམ་རར་སྔར་བས་མང་བ་བཏོན་ནས་མིག་སྔར་ཀྲུང་གོའི་སྤུས་རྟགས་20ལྷག་ཙམ་ཟིན་པའི་རླངས་འཁོར་ཆི་ལིའི་སྲང་ལམ་ཆེ་ཆུང་གང་སར་གཏོང་བཞིན་ཡོད་པ་དང་ཁྲོམ་ར་བཟུང་ཚད་15%ཟིན་ཡོད། དེ་དང་ཕྱོགས་མཚུངས་ཆི་ལིའི་རྒུན་འབྲུམ་ཨ་རག་དང་ཤིང་འབྲས་ཀྲུང་གོའི་ཁྱིམ་ཚང་ཀུན་གྱིས་རྒྱུས་མངའ་ཡོད་པར་གྱུར་ཡོད། ཆི་ལི་ནི་ཀྲུང་གོའི་རྒུན་འབྲུམ་ཨ་རག་ཡོང་ཁུངས་རྒྱལ་ཁབ་ཆེ་གྲས་ཨང་གཉིས་པ་དེ་རེད། མིག་སྔར། ཀྲུང་གོས་ནང་འདྲེན་བྱས་པའི་ཤིང་འབྲས་ཁྲོད་ནས་རྒུན་འབྲུམ་སྔོན་པོ་དང་སེའུ་དམར་ཆུང་ཕལ་ཆེ་བ་དང་ཀུ་ཤུ་དང་བཟའ་བཅའི་རྒུན་འབྲུམ་ཕྱེད་ཙམ་ཆི་ལི་ནས་ཡིན་པ་རེད།
         སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཀྱི་སྤེལ་རེས་ཀྱང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་བཀྲག་མདངས་འཚེར་ས་ཞིག་རེད། ཉེ་བའི་ལོ་གཉིས་རིང་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་རིག་གནས་སྤེལ་རེས་ཐད་གྲུབ་འབྲས་ཡག་པོ་ཐོབ་ཡོད། 2015ལོའི་ཆི་ལིའི“ཀྲུང་གོའི་རིག་གནས་ལོ”དང་2016ལོའི“ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་རིག་གནས་སྤེལ་རེས་ལོའི”སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་པོས་ཆུ་ཚད་མཐོ་བའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ཆི་ལིའི་ཙུང་ཐུང་ལས་ཤག་རིག་གནས་ལྟེ་གནས་སུ་གཉེར་བཞིན་པའི“སྐྱ་ནམ་རྒྱས་པ། ཆིང་རྒྱལ་རབས་ཀྱི་ཕོ་བྲང་ནང་མའི་འཚོ་བ་དང་སྒྱུ་རྩལ་སྐོར་གྱི་འགྲེམས་སྟོན”ནི་2009ལོར་དུར་རྫས་རྫ་བཟོས་གྱད་རྟ་འགྲེམས་སྟོན་བྱས་རྗེས་ལྟེ་གནས་དེས་སླར་ཡང་གཉེར་བའི་ཀྲུང་གོའི་འགྲེམས་སྟོན་ཆེ་གྲས་གཞན་ཞིག་ཡིན་པར་ལྟ་སྐོར་བ་མང་བ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་ནས་འགྲེམས་སྟོན་ཟླ་གཉིས་བྱེད་རིང་ལྟ་སྐོར་བ་མི་གྲངས་ཁྲི་20ལས་བརྒལ་ནས་ལྟེ་གནས་དེའི་ལོ་རྒྱུས་ཐོག་དགའ་བསུ་ཐོབ་ཆེ་ཤོས་ཀྱི་འགྲེམས་སྟོན་ཞིག་ཏུ་གྱུར་ཡོད་པ་རེད།
         རྒྱ་ཡིག་སློབ་ཁྲིད་ཐད་ཆི་ལིར་ཁུང་ཙི་སློབ་གླིང་གཉིས་དང་རྒྱ་སྐད་སློབ་ཁྲིད་ས་ཚིགས་20ལྷག་ཙམ་བཙུགས་ཏེ་ཁུང་ཙི་སློབ་གླིང་ལ་ཏིང་མེ་གླིང་ལྟེ་གནས་དེ་སན་ཐེ་ཡ་ཀོར་དུ་བཙུགས་ཡོད་པ་དང་། ཀྲུང་གོའི་དང་བླངས་དགེ་རྒན་50ཙམ་གྱིས་ཆི་ལིའི་སློབ་མ་5000ཙམ་ལ་རྒྱ་ཡིག་སློབ་ཀྱི་ཡོད། རྒྱ་ཡིག་སློབ་སྦྱོང་དང་ཀྲུང་གོའི་རིག་གནས་སློབ་སྦྱོང་གི་ཚ་རླབས་དེ་ཆི་ལིར་སྔར་བཞིན་འཕྱུར་བཞིན་ཡོད་པ་དེ་དག་ཚང་མས་མགྱོགས་བགྲོད་འཁོར་ལམ་ཐོག་སྔ་ས་ནས་བསྐྱོད་ཟིན་པའི་ཀྲུང་གོ་དང་ཆི་ལིའི་དབར་གྱི་མཉམ་ལས་ལ་གསོན་ཤུགས་གསར་པ་ཞིག་བསྣན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།