འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཐོ་འགོད་ཚོང་རྟགས་རྫུས་མའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟི་ལིང་ཉེན་རྟོག་ཕྱོགས་ཀྱིས། སྤུས་རྟགས་རྫུས་མའི་ཨ་རག་ཚོང་རྟགས་བཟོས་པ་དང་འབྲེལ་ཨ་རག་རྫུས་མ་བཙོངས་པའི་གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་གཉིས་བཟུང་བ་དང་སྦྲགས་སྤུས་རྟགས་རྫུས་མའི་ཨ་རག་སྒམ་ཁྱོན་1200ལྷག་ཙམ་དང་ཤེལ་དམ་6746ཞིབ་བཤེར་ཐུབ་པ་རེད།
         འདི་ལོའི་ཟླ་5པར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་ཧའེ་ཧུའུ་ཁུལ་གསར་གྱི་སྒོ་རྩིས་ཚོང་ཁང་ཞིག་གིས་སྤུས་རྟགས་རྫུས་མའི་ཨ་རག་འཚོང་གི་ཡོད་པ་ཤེས་རྟོགས་བྱུང་རྗེས། རྗེས་སྙེག་བརྟག་དཔྱད་བྱས་ནས་སྒོ་རྩིས་ཚོང་ཁང་གི་མ་དངུལ་འགྲོ་རྒྱུག་དང་། ཚོང་ཟོག་མཁོ་འདོན་ཐབས་ལམ། མི་སྣའི་འབྲེལ་གཏུག་སོགས་ཀྱི་ཆ་འཕྲིན་ཚད་བརྒལ་ཡོང་གཞིར་བྱས་ནས་ལོ་ཕྱེད་ཙམ་གྱི་དུས་ཚོད་ནང་ས་ཆ་མང་པོར་བསྐྱོད་ནས་ཉེས་གསོག་དོགས་ཅན་གྱི་བྱེད་སྤྱོད་སྤེལ་བའི་ཁུངས་སྣེ་གལ་ཆེན་ཁོང་དུ་ཆུད་པ་བྱས་པ་རེད།
         ཟླ་11ཚེས་17ཉིན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཧའེ་ཧུའུ་ཁུལ་གསར་གྱི་གྲོང་མིའི་སྡེ་ཁུལ་ཞིག་གི་ས་འོག་མཛོད་ཁང་དང་རླངས་འཁོར་འཇོག་སའི་སྒོ་འགྲམ་གྱི་དོས་སྐྱེལ་རླངས་འཁོར་གསུམ་ནང་ནས་སྤུས་རྟགས་རྫུས་མའི་ཨ་རག་ཤེས་རྟོགས་ཐུབ་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་ཁུངས་སྣེ་བརྒྱུད་ནས་རྗེས་སྙེག་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་ཀན་ཧོ་བཟོ་ལས་གླིང་ཁུལ་གྱི་རླངས་འཁོར་འཇོག་ས་ཞིག་ནས་ཨ་རག་རྫུས་མ་དབོར་མཁན་གྱི་དོས་སྐྱེལ་རླངས་འཁོར་ཆེ་གྲས་གཞན་ཞིག་འཚོལ་ཞིབ་ཐུབ་པ་དང་འབྲེལ། དེ་ཁུལ་ནས་ཉེས་གསོག་དོགས་ཅན་ཤེ་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་བཟུང་བ་དང་ཨ་རག་རྫུས་མ་འཚོང་ས་གཉིས་གཏོར་བ་རེད།
         འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གཉིས་ཀྱིས་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། གྱོད་གཞི་དེའི་གྱོད་འབྲེལ་རིན་གོང་སྒོར་ཁྲི་172ཟིན་ནས་ཞིབ་བཤེར་ཐུབ་པའི་ཨ་རག་རྫུས་མའི་གྲངས་འབོར་དང་གྱོད་འབྲེལ་དངུལ་གྲངས་མཚོ་སྔོན་གྱི་ལོ་མང་རིང་གི“རྫུས་མར་རྡུང་རྡེག་གཏོང་བའི”ཟིན་ཐོ་བཏོད་ཡོད་པ་རེད།
         མིག་སྔར་ཉེས་གསོག་དོགས་ཅན་2ཉེས་དོན་བཀག་ཉར་བྱས་ཟིན་པ་དང་། གྱོད་གཞི་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད
      

    ཕྱོགས་བསྡུས་གསར་འགྱུར།