འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་རིའི་ཁྲིམས་སྐྱོང་མཉམ་ལས་མཉམ་འབྲེལ་འབྲེལ་གཏུག་ཚོགས་ཆུང་གི་ཚོགས་
    འདུ་ཐེངས་བཅུ་བཞི་པ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན། དུས་ཡུན་ཉིན་གཉིས་ཀྱི་ཀྲུང་གོ་དང་ཨ་རིའི་ཁྲིམས་སྐྱོང་མཉམ་ལས་མཉམ་འབྲེལ་འབྲེལ་གཏུག་ཚོགས་ཆུང(JLG)གི་ཚོགས་འདུ་ཐེངས་བཅུ་བཞི་པ་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྲོས་འདེད་དངུལ་འདེད་ཀྱི་མཉམ་ལས་དང་། དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག དུག་འགོག་སོགས་ཕྱོགས་གཉིས་ཀྱིས་དོ་སྣང་བྱེད་པའི་ཁྲིམས་སྐྱོང་དང་ཁྲིམས་འཛིན་མཉམ་ལས་བཅས་ཀྱི་གནད་དོན་ལ་བསམ་འཆར་བརྗེ་རེས་བྱས་པ་དང་སྦྲགས། གོམ་སྟབས་རྗེས་མའི་མཉམ་ལས་ཀྱི་ཁ་ཕྱོགས་འཆར་འགོད་བྱས་པ་རེད།
         ཀྲུང་གོ་ཕྱི་འབྲེལ་པུའུ་དང་། སྤྱི་བདེ་པུའུ། ལྟ་སྐུལ་ཞིབ་བཤེར་པུའུ་བཅས་དང་ཨ་རིའི་རྒྱལ་དོན་ཁང་དང་། ཁྲིམས་འཛིན་པུའུ། རྒྱལ་ཁབ་ས་ཆ་བདེ་འཇགས་པུའུ་སོགས་ཀྲུང་གོ་དང་ཨ་རིའི་འབྲེལ་ཡོད་ཁྲིམས་སྐྱོང་སྡེ་ཚན་གྱི་འཐུས་མི་ཚོགས་འདུར་ཞུགས་པ་རེད།
         ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལིའུ་ཀྲེན་མིང་གིས་འགོ་ཚུགས་མཛད་སྒོའི་ཐོག ཁྲིམས་སྐྱོང་མཉམ་ལས་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པ་དང། ཕྱོགས་གཉིས་ཀྱི་མཐོ་རིམ་གྱི་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་འོག་ཀྲུང་གོ་དང་ཨ་རིའི་ཁྲིམས་སྐྱོང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དཔེར་ན། “འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ནང་གི་མིང་གྲལ་དང་པོར་འཁེལ་བའི་ཉེས་གསོག་དོགས་ཡོད་མི་སྣ་དབྱང་ཤིའུ་ཀྲུའུ་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས་པ་དང་། ལོ་གཉིས་གོང་དུ་ཀྲུང་གོ་དང་ཨ་རིསJLGཡི་སྒྲོམ་གཞིའི་ནང་གཏན་འཁེལ་བྱས་པའི་རུལ་རྒོལ་གྱི་གཙོ་གནད་བྲོས་འདེད་གྱོད་གཞི་5ཡི་ནང་ནས་གྱོད་གཞི་3དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་ཀྲུང་གོར་ཕྱིར་ལོག་བྱས་ནས་ཁྲིམས་ལུགས་ཀྱི་འདྲི་གཅོད་དང་ལེན་བྱས་ཡོད་ཅེས་བཤད་པ་རེད།
         ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་པ་རོན་ཏ་ཝུའེ་ཡིས། དུག་འགོག་དང་དྲ་རྒྱའི་ཉེས་གསོག་ལ་རྡུག་རྡེག་གཏོང་བ་སོགས་ལབ་གླེང་ཆེ་བའི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་སྤེལ་རེས་བགྲོ་གླེང་བྱས་ནས་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་པ་བྱས་ཏེ་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་རྩ་སྐྲུན་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།