འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ཀྱི་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུ་ཚོད་ལྟའི་རྣམ་གྲངས་ཁག་དང་པོའི་གན་རྒྱར་
    མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ལྷ་སར་བོད་ཀྱི་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུ་ཚོད་ལྟའི་རྣམ་གྲངས་ཁག་དང་པོའི་མཉམ་ལས་གྲོས་མཐུན་གྱི་གན་རྒྱར་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ནས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀྲུང་གོ་གློག་འཕྲིན་ཚོགས་པ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་དབར་མཉམ་ལས་གྲོས་མཐུན་བཞག་པ་དེ་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་གྱི་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུ་ཚོད་ལྟའི་རྣམ་གྲངས་དེ་ལག་བསྟར་དུས་རིམ་དུ་དངོས་སུ་སླེབས་པ་མཚོན་ཡོད་པ་རེད།
         ཀྲུང་གོ་གློག་འཕྲིན་ཚོགས་པ་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིས་ཉིང་ཁྲི་གྲོང་ཁྱེར་གྱི་དྲ་ཆེན་ཁྲིད་མེད་པའི་སྲིད་འཛིན་གྲོང་ཚོ་17དང་རིམ་སྤོར་དྲ་ཆེན་སྲིད་འཛིན་གྲོང་ཚོ་8ལ་འོད་འགྱེད་ཚི་སྐུད་གྲོང་ཚོར་ཁྲིད་པའི་འཛུགས་སྐྲུན་དང་འོད་འགྱེད་ཚི་སྐུད་རིམ་སྤོར་སྒྱུར་བཅོས་བྱ་རྒྱུ་རེད། ཚོད་ལྟའི་ལས་གྲྭ་གྲུབ་རྗེས་འབྲེལ་ཡོད་སྲིད་འཛིན་གྲོང་ཚོའི་དྲ་ཆེན་གྱི་འགྲོས་ཚད་12Mཡན་དུ་སླེབས་རྒྱུ་མ་ཟད། ལོ་6ཡན་འཁོར་སྐྱོད་བརྟན་པོ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་དང་སྦྲགས། མཉམ་སྐྲུན་མཉམ་སྤྱོད་ཡོང་བའི་འདུན་པ་སྐོང་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། གློག་འཕྲིན་ཡོངས་ཁྱབ་ཞབས་ཞུར་སྐུལ་སྤེལ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཞིག་དང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི“གྲངས་གཞིའི་བར་ཁྱད”ཆུང་དུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག “འཕེལ་རྒྱས་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་མི་དམངས་ལ་ཕན་པ་སྐྲུན་པའི”བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན་པས་ཀྲུང་གོ་གློག་འཕྲིན་ཚོགས་པ་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སིས་མཉམ་ལས་གྲོས་མཐུན་གྱི་དོན་ཚན་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གྲོས་མཐུན་ནང་གི་ལེ་ལག་ཚང་བའི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ། བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་རྣམ་གྲངས་ལག་བསྟར་གྱི་བརྒྱུད་རིམ་ཡོངས་ལ་དོ་དམ་བྱེད་པ་བཅས་ཀྱི་སྒོ་ནས་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུ་ཚོད་ལྟའི་རྣམ་གྲངས་དེ་བོད་དུ་མགྱོགས་མྱུར་སྐུལ་སྤེལ་ཐུབ་ཆེད་མཉམ་དུ་འགན་ལེན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།