འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཇལ་འཛོམས་གནང་བར་མཚོ་
    འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་18ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུའུ་ཞི་ཧུང་ཞིའུ་ཀྲུའུ་ཡིས་སྣེ་ཁྲིད་གནང་བའི་ཀྲུང་གོ་གོ་མིན་ཏང་གི་འཚམས་འདྲི་ཚོགས་པ་དང་བཅས་པར་ཐུག་འཕྲད་གནང་བ་དེ་ནི་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བར་འཕྲད་པའི་རྙོག་འཛིང་ཆེ་ལ་ཛ་དྲག་པའི་དུས་བབ་འོག་གི་ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མི་སྣའི་དབར་མཇལ་འཛོམས་གནང་ཐེངས་གལ་ཆེན་ཞིག་རེད། ཏང་གཉིས་དབར་གྱི་འགྲོ་འོང་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།
         མཱ་ཞའོ་ཀོང་གིས་ཏང་གཉིས་ཀྱི་འགོ་ཁྲིད་མི་སྣ་ཞལ་འཛོམས་གནང་རིང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་ལས་ཏང་གཉིས་ཀྱིས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བདེའི་སྒོ་ནས་འཕེལ་རྒྱས་ཕྱིན་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་བ་དང་། “དགུ་གཉིས་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་སླར་ཡང་ཁ་གསལ་བཏོན་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གཉིས་ཀྱིས་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུ་དང་ཐའེ་དབན་མཚོ་འགག་ཞི་བདེའི་ངང་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས་པ་དང་། ཏང་གཉིས་དབར་གྱི་སྤེལ་རེས་དང་འབྲེལ་གཏུག་ལམ་སྲོལ་གྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་དབར་བརྩེ་དུང་ཟབ་དུ་གཏོང་བ་དང་ཁོང་ཚོར་བདེ་སྐྱིད་སྐྲུན་དགོས་པ། ད་རེས་ཀྱི་ཞལ་འཛོམས་ལ་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་ཀྱི་ཡོད་པས། དུས་བབ་གསར་པའི་འོག་གི་ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུའི་ངོས་ནས་བརྗོད་ན་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་ཅེས་བཤད་པ་རེད།
         ཐའེ་དབན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་སྐམ་ས་ཆེན་པོར་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་150འཁོར་བར་དྲན་གསོ་ཞུས་པར་བཟུང་བའི་ལྟ་སྟངས་ལ་དམིགས་ནས། མཱ་ཞའོ་ཀོང་གིས། སྐུ་ཞབས་སུན་ཀྲུང་ཧྲན་ནི་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་དད་གུས་ཞུ་འོས་པའི་ལོ་རྒྱུས་ཀྱི་རླབས་ཆེན་མི་སྣ་ཞིག་རེད་ལ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་དབར་འབྲེལ་བ་བྱེད་པའི་ཐུན་མོང་གི་བསམ་པའི་སྒྲོག་ཐག་ཅིག་ཀྱང་རེད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ཚོས་རྒྱལ་ཁབ་གཅིག་གྱུར་དང་ཀྲུང་ཧྭ་དར་རྒྱས་ཐད་དམ་འཇོག་དོན་གཉེར་གནང་བའི་སྐུ་ཞབས་ཀྲུང་ཧྲན་གྱི་རླབས་ཆེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མཉམ་དུ་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་སྐུ་ཞབས་ཀྲུང་ཧྲན་ལ་དྲན་གསོ་ཞུ་ཡག་ཤོས་ཤིག་རེད་ཅེས་བཤད་པ་རེད།
         ཐའེ་དབན་ཕྱོགས་ཀྱིས་འཐུས་མིAPECཚོགས་འདུར་ཞུགས་རྒྱུར་མངགས་པར་དམིགས་ནས་མཱ་ཞའོ་ཀོང་གིས། “དགུ་གཉིས་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱ་རྒྱུ་ནི་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུའི་རྨང་གཞི་ཞིག་རེད་ལ། མཚོ་འགག་གཡས་གཡོན་གཉིས་པོས་དགེ་ཚན་ལྡན་པའི་མཉམ་འགུལ་བྱེད་རྒྱུའི་རྨང་གཞི་ཞིག་ཀྱང་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།