འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་གོང་འཕེལ་གཏོང་བའི་འཆར་གཞི་འགྲེམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་18ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ཞིང་ལས་རྨང་གཞིར་བྱས་ནས་ཞིང་པ་དང་གྲོང་གསེབ་ཏུ་ཕན་པ་ཐོབ་པར་བྱེད་པའི”བླང་བྱ་གཞིར་བཟུང་ཉེ་དུས་ཞིང་ལས་པུས་《རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་དང་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་དུ་གོང་འཕེལ་གཏོང་བའི་འཆར་གཞི་(2016ནས་2020ལོ་བར)》(གཤམ་དུ་བསྡུས་མིང་ལ་《འཆར་གཞི་》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་དང་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་དུ་གོང་འཕེལ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་ཁེ་ཕན་འབྲེལ་མཐུད་ཀྱི་རྣམ་པ་གསར་པ་གྲུབ་པའི་ཞིབ་ཕྲའི་ཐབས་ལམ་འཆར་འགོད་བྱས་པ་རེད།
         《འཆར་གཞིའི་》ནང་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་དུ་གོང་འཕེལ་གཏོང་བའི་སྤྱིའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་ནས་ཐོན་ལས་མུ་སྦྲེལ་ཆ་ཚང་གྲུབ་པ་དང་། བྱེད་ནུས་མང་བ། རྣམ་པ་ཕུན་སུམ་ཚོགས་པ། ཁེ་ཕན་འབྲེལ་མཐུད་བཅས་སྔར་བས་བརྟན་པའི་རྣམ་པ་གསར་པ་ཞིག་རྩ་བའི་ཆ་ནས་གྲུབ་སྟེ་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་དེ་བས་བཟང་སྒྲིག་ཐུབ་རྒྱུ་དང་། ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ། ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་གོང་འཕེལ་མྱུར་པོ་བྱུང་ནས་ཐོན་ལས་མཉམ་འདྲེས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད་ཅེས་བཏོན་ཡོད།
         《འཆར་གཞིའི་》ནང་ཕྱོགས་བཞིའི་ཐད་ཀྱི་ལས་འགན་གཙོ་བོ་གཏན་འཁེལ་བྱས་ཡོད་པ་སྟེ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་ལེགས་སུ་བཏང་ནས་གནོད་མེད་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། སྤུས་ལེགས་ཞིང་ལས་ཐོན་ཟོག་གི་ཐོན་སྐྱེད་ལ་སྐུལ་མ་གཏོང་བ། ཞིང་ལས་འཕེལ་རྒྱས་ཀྱི་སྒྲིག་བཀོད་ཆ་རྐྱེན་བཟང་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་ཐོན་ལས་མཉམ་དུ་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། ཞིང་ལས་ཐོན་ཟོག་གི་ལས་སྣོན་ལས་རིགས་སྟོབས་ཆེར་བཏང་ནས་ཞིང་ལས་ཐོན་ཟོག་ཐོན་སྐྱེད་བྱ་ཡུལ་གྱི་ལས་སྣོན་རགས་ཙམ་གོང་འཕེལ་ཡོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ཞིང་ལས་ཐོན་ཟོག་ལས་སྣོན་ཞིབ་ཚགས་བྱེད་པའི་སྤྱི་ཡོངས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ། ཞིང་ལས་ཐོན་ཟོག་དང་དེ་བཞིན་ཞོར་ཐོན་དངོས་ཟོག་ལས་སྣོན་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུར་སྐུལ་མ་ཧུར་ཐག་གཏོང་བ་བཅས་ཀྱི་ཐོག་ནས་ཐོན་ལས་མཉམ་དུ་གོང་འཕེལ་གཏོང་བའི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས་པ། གྲོང་གསེབ་ཀྱི་ཐོན་ལས་གསུམ་པ་འཁྲུག་ཏུ་བཏང་ནས་རིགས་ཁག་གི་ཆེད་ལས་འཁོར་རྒྱུག་ཞབས་ཞུ་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། གློག་རྡུལ་ཚོང་དོན་སོགས་ལས་སྒོ་གསར་པའི་རྣམ་པ་འཕེལ་རྒྱས་ཧུར་ཐག་གཏོང་བ། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་མགྱོགས་པོ་གཏོང་བ་བཅས་ཀྱི་ཐོག་ནས་ཐོན་ལས་མཉམ་དུ་གོང་འཕེལ་གཏོང་བའི་ཐབས་ལམ་རྒྱ་ཆེར་གཏོང་དགོས་པ། མཉམ་འདྲེས་ལམ་སྲོལ་གསར་གཏོད་བྱས་ནས་སྣ་མང་ཅན་གྱི་ཐོན་ལས་མཉམ་འདྲེས་ཀྱི་བྱེད་པོ་སྐྱོང་སྤེལ་བྱེད་པ་དང་། རིགས་མང་བའི་ཐོན་ལས་མཉམ་འདྲེས་ཀྱི་རྣམ་པ་འཕེལ་རྒྱས་གཏོང་བ། རྣམ་པ་མང་བའི་ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་བཙུགས་པ་བཅས་ཀྱི་ཐོག་ནས་ཐོན་ལས་མཉམ་དུ་གོང་འཕེལ་གཏོང་བའི་ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ་བཅས་རེད།
         ཞིང་ལས་པུའི་འབྲེལ་ཡོད་འགན་འཁུར་བས་རང་བྱུང་དང་གནས་ཡུལ་གྱི་ལེགས་ཆ་དང་། ཐོན་ལས་གཙོ་བོ། ལེགས་ལྡན་ཐོན་ལས་གཅིག་སྡུད་བཅས་ལ་བརྟེན་ནས་《འཆར་གཞིའི་》ནང་མཉམ་འདྲེས་གོང་འཕེལ་གཏོང་བའི་ས་ཁོངས་ཀྱི་ནུས་པ་གཏན་འཁེལ་དང་། ཐོན་ལས་ཀྱི་གྲུབ་ཆ་གཙོ་བོ། ཞིང་ལས་ཐོན་ཟོག་ལས་སྣོན་གླིང་དང་ཐོན་ལས་མཉམ་འདྲེས་སྔོན་ཁྲིད་ཁུལ་འཛུགས་སྐྱོང་བཅས་ཐད་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུ་རེད། འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ་ཆེད་སྤྱོད་མ་བཅོས་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན་དང་། ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་ཕྱོགས་བསྒྱུར་རིམ་སྤོར། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་རིམ་སྤོར། ཐོན་ལས་མཉམ་འདྲེས་ཀྱི་ཚོད་ལྟའི་དཔེ་སྟོན་གྱི་འདུ་འགོད་ཆེ་གྲས་བཞི་བཏོན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།