འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རེས་སྐོར་གསར་པའི་རྩྭ་ཐང་ཁ་གསབ་བྱ་དགའི་སྲིད་ཇུས་ལས་མཚོ་སྔོན་གྱི་འབྲོག་པ་
    ཁྲི་70ལྷག་ཙམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རེས་སྐོར་གསར་པའི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱ་དགའི་སྲིད་ཇུས་མཚོ་སྔོན་དུ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཤིང་། ལོ་ལྔའི་ནང་རྒྱལ་ཁབ་ཀྱིས་ལོ་ལྟར་མཚོ་སྔོན་དུ་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་24.13གཏོང་གི་ཡོད་པ་དེ་རེས་སྐོར་དང་པོ་ལས་སྒོར་དུང་ཕྱུར་4.66མང་དུ་ཕྱིན་ཡོད། མཚོ་སྔོན་འབྲོག་ཁུལ་གྱི་འབྲོག་པ་ཁྲི་70ལྷག་ཙམ་ལ་རྣམ་གྲངས་དེའི་སྲིད་ཇུས་ལས་ཕན་པ་ཐོབ་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། རེས་སྐོར་གསར་པའི་རྩྭ་ཐང་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱིས་དེ་སྔའི་འབྲོག་པའི་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་དང་འབྲོག་རྩྭའི་སོན་བཟང་ཁ་གསབ་རྩྭ་ཁ་བཀག་པའི་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའི་ནང་བཅུག་ཡོད། དེའི་དམིགས་ཡུལ་ནི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱིས་འབྲོག་པའི་རྩྭ་ཁ་བཀག་པའི་་ཧུར་སེམས་སྐོང་འཐེན་གང་ལེགས་བྱ་རྒྱུ་མ་ཟད། འབྲོག་པས་གཟན་ཆག་བསྟེར་ནས་གསོ་ཚགས་བྱ་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱས་ཏེ་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཆེད་ཡིན། དེ་དང་དུས་མཚུངས་རྩྭ་ཁ་བཀག་པའི་ཁ་གསབ་ཚད་གཞི་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའི་ཚད་གཞི་རེས་སྐོར་དང་པོ་དང་བསྡུར་ན་མུའུ་རེར་སྒོར་1.5དང་སྒོར་1སྤར་ཡོད། ཁ་གསབ་བྱ་དགའི་རྣམ་གྲངས་དང་ཚད་གཞི་ལེགས་སྒྲིག་བྱས་རྗེས་འབྲོག་པས་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་ཕན་འབྲས་ལོངས་སྤྱོད་ཐུབ་ཚད་རེས་སྐོར་དང་པོ་ལས་འཕར་སྣོན་ཡོང་རྒྱུ་རེད།
         མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་ལ། རང་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་དང་ཁྱད་ལྡན་འབྲོག་ལས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཡང་ཡིན། དེ་གར་རང་བྱུང་ན་ཁ་མུའུ་ཁྲི་5.47ཡོད་པ་དེའི་ནང་སྤྱོད་ཆོག་པའི་རྩྭ་ར་མུའུ་དུང་ཕྱུར་4.74ཡོད་པ་དེ་དག་མང་ཆེ་བ་གཙང་གསུམ་ཆུ་འགོའི་ཁུལ་དང་མཚོ་སྔོན་པོ་སྐོར་བའི་ཁུལ་དུ་གནས་ཡོད།
           2011ལོའི་ཟླ་དགུ་པར་རེས་སྐོར་དང་པོའི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་ལག་བསྟར་བྱས་ཚུན། རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མཚོ་སྔོན་ལ་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་97.36དོན་འཁྱོལ་བྱས་པ་དང་། ལས་རྗེས་དཔྱད་ཞིབ་གདེང་འཇོག་གི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་11.32སྤྲད་པ། རྩྭ་ཐང་དོ་དམ་པ་13894བསྡུས་པ་བཅས་རེད། ཅུང་ཚབས་ཆེ་བའི་ཞན་འགྱུར་དུ་སོང་བའི་རང་བྱུང་རྩྭ་ཐང་མུའུ་དུང་ཕྱུར་2.45ལ་རྩྭ་ཁ་བཀག་པ་དང་སྤྱོད་ཆོག་པའི་རྩྭ་ཐང་མུའུ་དུང་ཕྱུར་2.29ལ་རྩྭ་ཕྱུགས་དོ་སྙོམས་ཀྱི་སྒུལ་རྣམ་དོ་དམ་ལག་ལེན་བསྟར་བ་རེད།
         ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་དོན། རེས་སྐོར་གསར་པའི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་ལེན་བསྟར་བའི་ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་གྱི་འབྲོག་རྩྭ་ཆ་སྙོམས་ཁྱབ་ཚད་བརྒྱ་ཆའི་གྲངས་3.4འཕར་བ་དང་སྒོ་ཕྱུགས་ཤོང་ཚད་ལས་བརྒལ་ཚད་35.8%ནས་9.9%བར་ཆག་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།