འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཚོ་ཆུང་ཆུང་ཞིག་གི་དབུལ་སྒྲོལ་ཐབས་ལམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          དེ་ཕོ་2000གི་བྱ་སྐད་ཀྱིས་ཞིང་ཀྱོག་ལུང་གྲོང་ཚོའི་ཁུ་སིམ་ཁད་ཀྱིས་དཀྲོགས།
          ཞིང་ཀྱོག་ལུང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་གི་རི་མཐོ་གཡང་གཟར་གྱི་ཁྲོད་དུ་གནས་པའི་མི་300ལྷག་ཙམ་ལས་མེད་པའི་བོད་རིགས་ཀྱི་གྲོང་ཚོ་ཆུང་ངུ་ཞིག་རེད།
          “དེ་རིང་ནི་ཞིང་ཀྱོག་ལུང་གི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད” ཟླ་10ཚེས་19ཉིན། སྒྲོལ་དཀར་དང་གྲོང་མི་མང་པོ་ཞིག་བྱ་གསོ་ར་བར་བྱ་དེ་འབེབ་རོགས་བྱེད་པར་བསྐྱོད། ཡིན་ནའང་། ཁྲོམ་རར་འཚོང་བའི་ཤ་བྱ་དང་ཁྱད་པར་ཆེན་པོ་མེད་པའི་བྱ་རིགས་དེ་དག་གིས་ཚང་མ་དབུལ་སྒྲོལ་ཐུབ་བམ། སྒྲོལ་དཀར་གྱིས་དེང་རབས་ཅན་གྱི་བྱ་གསོ་ར་བ་དེར་ལྟ་བཞིན་དོགས་འཆར་སྔར་བཞིན་བསལ་མེད།
          ལོ་བརྒྱ་ཕྲག་འགའ་ཤས་རིང་། ཁོང་ཚོས་ཡུལ་དེ་རང་གི་ཐོན་ཁུངས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་ལས་དབང་ལ་འགྱུར་ལྡོག་བྱུང་མེད། དེ་གར་གང་སར་ཤིང་ཆིང་ཀང་སྐྱེས་ཡོད་ལ། ཕུ་ཆུ་ཕྲན་བུ་ཞིག་ལྷུང་ལྷུང་དུ་འབབ་བཞིན་ཡོད། གནམ་གཤིས་དྲོ་བའི་དབང་གིས་སྤུས་ལེགས་ཀྱི་བེ་ཤ་སྐྱེ་གི་ཡོད།
          ལོ་18གོང་། སྒྲོལ་དཀར་གྱི་བཟའ་ཟླ་གྲོངས་ནས་ཕྲུ་གུ་གསུམ་དང་ཁོང་ཁེར་རྐྱང་དུ་ལུས། “དཀའ་སྡུག་ག་ཚོད་མྱོང་དགོས་བྱུང་ཡང་ཕྲུ་གུ་རྣམས་གསོ་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་སྒྲོལ་དཀར་གྱིས་བཤད་པ་དང་། དུས་དེ་ནས་བཟུང་། སྒྲོལ་དཀར་གྱིས་ཁྱིམ་གྱི་འཚོ་བའི་ཁུར་པོ་ཕྲག་ཐོག་ཏུ་ཁུར། ཕྱིར་ལས་ཀར་སྐྱོད་སྐབས་ཕྲུ་གུར་ལྟ་རྟོག་བྱེད་མཁན་མེད་པ་དང་། ཞིང་ལས་བྱས་ཚེ་རི་མཐོ་གཡང་གཟར་དང་ས་རྒྱུ་ཞན་པས། དེ་ལྟ་བུའི་གནས་བབ་འོག བེ་ཤ་འཐུ་རྒྱུ་དེ་ནང་མི་ཚང་མའི་རྟེན་ས་འབའ་ཞིག་ལ་གྱུར།
           ཟླ་8པར་བེ་ཤ་སྨིན་དུས། སྒྲོལ་དཀར་གྱིས་ཕྲུ་གུ་རྣམས་གཉེན་ཉེར་བཅོལ་ནས་རི་སྟེང་དུ་བེ་ཤ་འཐུ་བར་འགྲོ་གི་ཡོད། བེ་ཤར་རིན་གོང་མཐོ་པོ་རག་པར་བརྟེན། རྒན་ལོ་ལྔ་བཅུ་དྲུག་ཅུར་སོན་པའི་མི་ནས་གཞོན་ལོ་བཅུ་གསུམ་བཅུ་བཞིར་སླེབས་པའི་བྱིས་པ་སོགས་ཀྱིས་ལམ་རྒྱགས་ཁྱེར་ནས་རི་སྟེང་དུ་ཟླ་བ་གཅིག་ལྷག་ཙམ་བེ་ཤ་བཏུས་ནས་སྡོད་པས། ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མེད་པའི་རྒན་རྒོན་དང་ཕྲུ་གུ་ཁོ་ན་ལུས་ཀྱི་ཡོད། ཞིང་ཀྱོག་ལུང་དུ་བེ་ཤ་བཙོངས་པའི་དངུལ་གྱིས་གྲོང་མིའི་ཡོང་འབབ་ཀྱི་ཕྱེད་ཀ་ལྷག་ཙམ་བཟུང་གི་ཡོད།
          རྩ་ཆེའི་རི་ཟས་ཡོད་ཀྱང་གྲོང་ཚོ་སྔར་བཞིན་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་རྒྱུ་མཚན་གང་ཡིན་ནམ།
          གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་གཡང་རབ་ཀྱིས་བེ་ཤ་མི་ཐབས་ལ་བརྟེན་ནས་འདེབས་ཐབས་མེད་པ་མ་ཟད། ཐོན་འབོར་ཧ་ཅང་བརྟན་པོ་མེད་པས། འདི་ལོ་ཐོན་འབབ་ཡག་པོ་བྱུང་ནའང་སང་ལོ་ཐོན་འབབ་ཉུང་དུ་འགྲོ་ངེས་རེད་ཅེས་གསར་འགོད་པར་བཤད། བེ་ཤའི་ཐོན་འབབ་ཡག་པོ་མེད་པའི་སྐབས། སྒྲོལ་དཀར་གཉེན་ཉེའི་རོགས་རམ་བརྟེན་དགོས་ཀྱི་ཡོད། ལོ་གཅིག་ཡོང་འབབ་གསོག་པ་དང་ལོ་གཅིག་གཡར་པོར་བརྟེན་དགོས་པས་ཁྱིམ་ཚང་གི་འཚོ་བ་ལེགས་སུ་འགྲོ་རྒྱུ་ལྟ་ཅི། དེ་ལས་ལྡོག་ཏེ་བུ་ལོན་སྒོར་ཁྲི་3ལྷག་ཙམ་ཟུག
          རི་ཟས་ལ་བརྟེན་ནས་ཞིང་ཀྱོག་ལུང་གི་མི་རྣམས་གསོས་ཡོད་ལ། རི་ཟས་ཁོ་ནར་བརྟེན་པ་དེས་ཀྱང་ཞིང་ཀྱོག་ལུང་གི་མི་དབུལ་པོ་ཆགས་ཡོད། ཞིང་ཀྱོག་ལུང་གྲོང་ཚོར་ན་ནིང་ཆ་སྙོམས་མི་རེར་ཡོང་འབབ་སྒོར་4300ལས་མེད་པ་དང་། གྲོང་མི་དུད་ཚང་86གི་ཁྲོད་དུད་ཚང་དབུལ་པོ་16ཡོད་པ་རེད།
         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་མཚམས་སུ། སི་ཁྲོན་ཞིང་ཆེན་གྱི་གནད་སྨིན་དབུལ་སྐྱོར་ལས་དོན་གྲོང་ཚོ་དབུལ་པོ་ཚང་མར་སྤེལ། ཞིང་ཀྱོག་ལུང་གྲོང་ཚོའི་དབུལ་པོ་ཆགས་རྐྱེན་རྦད་དེ་མེད་པ་བཟོ་རྒྱུ་དེ་རིམ་ཁག་ཏང་ཨུད་སྲིད་གཞུང་གི་གཙོ་གནད་ལས་ཀར་གྱུར།
          ན་ནིང་ཟླ་8པར། སི་ཁྲོན་ཞིང་ཨུད་ཀྱིས་མངགས་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཞིང་ཀྱོག་ལུང་གྲོང་ཚོར་བཅའ་སྡོད་བྱས། ཁོང་ཚོ་གྲོང་ཚོར་འབྱོར་མ་ཐག་གྲོང་ཚོ་དང་དུད་ཚང་དུ་གནས་ཚུལ་མཐིལ་རྟོགས་བྱེད་པར་བསྐྱོད། སེམས་རྩ་འཁོལ་བའི་གྲོང་མིས་ཇ་བསྲུབས་མ་བཀྱག་ནས་ཁོང་ཚོར་སྣེ་ལེན་ཞུས་ཀྱང་། ཡང་སྙིང་ཁོང་ཚོ་གང་ཞིག་ལས་པར་ཡོང་མིན་ཧ་གོ་གི་མེད། སྒྲོལ་དཀར་ཀྱང་དེ་ལས་མ་འདས།
         ལས་དོན་རུ་ཁག་གི་རུ་མིས་དགོད་བཞིན་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་བར་ཡོང་བ་ཡིན་ཞེས་བརྗོད། ཞིང་ཀྱོག་ལུང་གྲོང་ཚོར་བཅའ་སྡོད་སི་ཁྲོན་ཞིང་ཆེན་རྒྱལ་སྲུང་ཚན་རྩལ་བཟོ་ལས་གཞུང་ལས་ཁང་གི་ཧྲུའུ་ཅི་དང་པོ་ཕུའུ་ཅང་ཐའོ་དང་ཞིང་ཀྱོག་ལུང་གྲོང་ཚོར་བཅའ་སྡོད་སི་ཁྲོན་ཞིང་ཆེན་འབྲོག་ལས་ཚན་རིག་ཁང་གི་ལག་རྩལ་པ་ཞྭ་པོ་ཡིས་ཐོན་ལས་རྟོག་ཞིབ་བྱེད་སྐབས། ཉག་ཆུ་རྫོང་གི་ཁྲོམ་རར་འཚོང་བའི་ཤ་བྱ་མང་ཆེ་བ་ཡུལ་གཞན་གྱི་ཤ་བྱ་ཡིན་པ་དང་ལོ་རེར་བྲིན་ཚད་ཁྲི་2ལྷག་ཙམ་ཟིན་གྱི་ཡོད་པ་ཤེས། ཞིང་ཀྱོག་ལུང་གྲོང་ཚོ་མ་གཞི་ས་མཐོར་གནས་ཀྱང་། ས་བབ་བལྟོས་བཅས་ཀྱིས་དམའ་བ་དང་སྦགས་བཙོག་གང་ཡང་མེད་པའི་ནགས་རི་དེ་རྫོང་དེ་ཡོངས་སུ་ཡུལ་བྱ་གསོ་ཚགས་བྱ་རྒྱུར་འཚམ་པའི་ས་ཆ་ཉུང་ཤས་ཀྱི་གྲས་ཤིག་ཏུ་གྱུར།
           འདི་ལོའི་ཟླ་3པར། ཞིང་ཀྱོག་ལུང་གྲོང་ཚོས་གསོ་ཚགས་མཉམ་ལས་ཁང་བཙུགས་ནས་ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་བྱ་གསོ་ཚགས་བྱ་རྩིས་བྱས། མ་རྐང་ནང་ཞུགས་ཚེ་ཁེ་སྤོགས་བགོ་བ་མ་ཟད། ད་དུང་རྐང་དངུལ་ཁ་གསབ་སྒོར་3000ཡོད་པ་ཤེས་པས། སྒྲོལ་དཀར་ཁྱིམ་གྱིས་སྒོར་2000བཏང་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས།
         ཡིན་ནའང་། ནོར་ལུག་ཁོ་ན་གསོ་ཚགས་བྱེད་པའི་གྲོང་མིས་བྱ་ཚང་ཀྱང་མཐོང་མྱོང་མེད།
          ཞ་པོ་དང་ཕུའུ་ཅང་ཐའོ་ཡིས་ཁྲེང་ཏུའུ་རུ་བྱ་ཟེ་དམར་པོའི་གསོ་ཚགས་ཁེ་ལས་ཤིག་བཙལ་ནས་ཁོང་ཚོར་ཞིང་ཀྱོག་ལུང་དུ་གསོ་ཚགས་རྟེན་གཞི་འཛུགས་རྒྱུའི་གོ་སྐོན་བློ་འགུགས་བྱས། ལག་རྩལ་མེད་ནའང་ཁེ་ལས་ནས་བྱ་ཕྲུག་དང་གཟན་ཆག་མཁོ་འདོན་བྱས་པ་དང་། བྲིན་ཚོང་ཐབས་ལམ་མེད་ནའང་ཁེ་ལས་ཀྱིས་ཁྲོམ་རའི་རིན་གོང་ལས་མི་དམའ་བའི་ཐོག་ནས་ཉོ་ཡི་ཡོད།
          འདི་ལོ་སློབ་ཆེན་ཐོན་ནས་ཁྱིམ་དུ་གཞུང་ལས་པའི་ཡིག་རྒྱུགས་གྲ་སྒྲིག་བྱེད་བཞིན་པའི་སྒྲོལ་དཀར་གྱི་བུ་མོ་ཆུང་བ་མེ་ཏོག་གིས་རང་འགུལ་ངང་བྱ་ཚང་བཟོ་བའི་འགན་བླངས། མེ་ཏོག་གིས་དེ་སྔ་ཅ་ལག་ཙག་ཙིག་འཇོག་སའི་ཁང་པར་ཨར་འདམ་བྱུག་ཡོད་ཅིང་། དེ་རིང་ཞིང་ལས་ལག་རྩལ་པ་ཞ་པོ་ཡིས་ཁོ་མོར་བྱ་ཚང་བཟོ་སྟངས་སློབ་རྒྱུ་ཡིན་ལུགས་དང་མི་རིང་བར་འདི་གར་ཡུལ་བྱ་50ལྷག་ཙམ་གསོ་རྒྱུ་ཡིན་ཚུལ་བཤད།
          དབུལ་པོའི་གནས་ལས་སྒྲོལ་རྗེས་ཀྱི་ཞིང་ཀྱོག་ལུང་གྲོང་ཚོའི་སྐོར་གླེང་སྐབས། ཕུའུ་ཅང་ཐའོ་ཡིས“ཞིང་ཀྱོག་ལུང་གྲོང་ཚོར་ཨར་འདམ་ལམ་བཏིང་ཚར་བ་དང་སང་ལོ་བྱ་གསོ་ར་བའི་བྱ་དེ་བཤས་གཏོང་ཚད་ཁྲི་2ཙམ་ཟིན་རྒྱུ་རེད། སྐབས་དེ་དུས་ང་ཚོས་ཞིང་ཀྱོག་ལུང་གྲོང་ཚོའི་སྣོད་བཅུད་ཡུལ་བྱ་དེ་དག་ཉག་ཆུའི་བེ་ཤ་ཕུད་པའི་སྤུས་རྟགས་གྲགས་ཅན་གཞན་ཞིག་ལ་འགྱུར་བ་ཐུབ་པ་བྱ་རྒྱུ་ཡིན”ཞེས་རེ་བས་ཁེངས་བཞིན་དུ་བཤད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།