འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས་གཏན་འབེབས་གསར་པ་ཡོངས་བསྒྲགས་
    བྱས་ནས་དྲ་སྦྲེལ་ཐད་གཏོང་ལ་ཚད་ལྡན་དོ་དམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་06ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན་རྒྱལ་ཁབ་དྲ་སྦྲེལ་གཞུང་དོན་ཁང་གིས་《དྲ་སྦྲེལ་ཐད་གཏོང་ཞབས་ཞུའི་དོ་དམ་གཏན་འབེབས་》ཁྱབ་བསྒྲགས་བྱས་ནས་དྲ་སྦྲེལ་ཐད་གཏོང་ལ་ཚད་ལྡན་དོ་དམ་བྱས་པ་རེད།
           རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས། དྲ་སྦྲེལ་ཐད་གཏོང་ནི་བརྒྱུད་བསྒྲགས་བྱ་ཐབས་གསར་པ་ཞིག་ཡིན་པའི་ཆ་ནས་འཕེལ་རྒྱས་མྱུར་པོ་བྱུང་མོད། འོན་ཀྱང་ཐད་གཏོང་ལས་སྟེགས་འགའ་རེས་ཆགས་སྲེད་དང་། གཏུམ་སྤྱོད། དཀྲོག་གཏམ། ཁ་བསླུས་སོགས་ཀྱི་ཆ་འཕྲིན་ཐད་གཏོང་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་རྒྱབ་འགལ་བྱས་ཡོད་པ་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ངན་པ་བཟོས་ཤིང་། ལས་སྟེགས་འགའ་རེས་ད་དུང་འབྲེལ་ཡོད་ཐོབ་ཐང་མེད་པར་སྒྲིག་འགལ་ངང་གསར་འགྱུར་ཆ་འཕྲིན་ཐད་གཏོང་བྱས་ཏེ་རྒྱུན་གཏན་གྱི་བརྒྱུད་བསྒྲགས་སྒྲིག་ལམ་ལ་གཏོར་བཤིག་བཏང་བས། ངེས་པར་དུ་ཚད་ལྡན་དུ་གཏོང་དགོས་ཞེས་བརྗོད་པ་རེད།
         《གཏན་འབེབས》ནང་དྲ་སྦྲེལ་ཐད་གཏོང་ཞབས་ཞུ་བ་དང་དྲ་སྦྲེལ་ཐད་གཏོང་འགྲེམས་སྤེལ་བས་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་གཏོང་སྐབས། ངེས་པར་དུ་ཁྲིམས་བཞིན་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཐོབ་ཐང་བླངས་ནས་བྱེད་ཆོག་པའི་ཁྱབ་ཁོངས་ནང་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་སྤེལ་དགོས། དྲ་སྦྲེལ་ཐད་གཏོང་ཞབས་ཞུ་བས་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཐད་གཏོང་དང་སྤེལ་རེས་ནང་དོན་སྤྱོད་སྐབས་སྔོན་ཞིབ་རྗེས་གཏོང་གི་བྱ་ཐབས་ལག་ལེན་བསྟར་དགོས་པ་དང་། དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཐད་གཏོང་བྱེད་པར་སྤྱི་ཁྱབ་རྩོམ་སྒྲིག་པ་བཀོད་སྒྲིག་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད་པ་རེད།
         《གཏན་འབེབས་》ནང་དྲ་སྦྲེལ་ཐད་གཏོང་ཞབས་ཞུ་བས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱས་ནས་དོ་དམ་ལམ་ལུགས་ཁག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་གཞི་ཁྱོན་དང་འཚམ་པའི་ཆེད་ལས་མི་སྣ་བཀོད་སྒྲིག་བྱེད་པ། དྲ་སྦྲེལ་ཐད་གཏོང་མྱུར་དུ་འགོག་པའི་ལག་རྩལ་ནུས་ལྡན་དགོས་པ། ཐད་གཏོང་བྱེད་སྐབས་རིམ་དབྱེ་རིགས་དབྱེའི་དོ་དམ་བྱ་ཐབས་ལག་ལེན་བསྟར་ནས་དྲ་སྦྲེལ་ཐད་གཏོང་འགྲེམས་སྤེལ་བའི་ཡིད་རྟོན་རིམ་པའི་དོ་དམ་མ་ལག་འཛུགས་པ་དང་། མིང་ཐོ་ནག་པོའི་དོ་དམ་བྱ་ཐབས་བཟོ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《གཏན་འབེབས་》ནང་ཐད་གཏོང་བྱ་ཐབས་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བཤིག་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བ། ཆགས་སྲེད་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ནང་བཀག་འགོག་བྱས་པའི་བྱེད་སྒོ་སྤེལ་བ་བཅས་བྱེད་མི་ཆོག་པ་དང་། དྲ་སྤྲེལ་ཐད་གཏོང་ཞབས་ཞུ་སྤྱད་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་འགོག་བྱས་པའི་ཆ་འཕྲིན་གྱི་ནང་དོན་བཟོ་བ་དང་། བསྐྱར་བཟོ། བརྒྱུད་བསྒྲགས་བཅས་བྱེད་མི་ཆོག་པའི་གཏན་འབེབས་བྱས་པ་རེད།
          རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་དྲ་སྦྲེལ་ཐད་གཏོང་ཞབས་ཞུ་བ་དང་དྲ་སྦྲེལ་ཐད་གཏོང་ཞབས་ཞུ་འགྲེམས་སྤེལ་བས། དོ་དམ་ལ་ཤུགས་སྣོན་དང་རང་གཅུན་ལ་སྣང་ཆེན་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ཁུར་ནས་སྤྱི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་དགོས། རིམ་ཁག་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་འགན་འཁྲིར་ནན་པོར་གཞིགས་ནས། དྲ་སྦྲེལ་ཐད་གཏོང་ཞབས་ཞུའི་ཆ་འཕྲིན་ནང་དོན་ལ་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་གྱི་ལས་དོན་ལེགས་པར་བསྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་འགན་འཁྲི་གཞིར་བཟུང་དྲ་སྦྲེལ་ཐད་གཏོང་ཞབས་ཞུའི་ཐད་དེ་མཚུངས་ཀྱི་ལྟ་སྐུལ་དོ་དམ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།