འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།“ལས་གཏོད”ལ་དགའ་ཞེན་ཆེ་བའི་ལོ་རབས་བརྒྱད་ཅུའི་ནང་སྐྱེས་པའི་སློབ་ཆེན་སློབ་མ།

    “དྲ་སྦྲེལ་+”ཚན་རྩལ་གསར་གཏོད་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རོགས་སྐུལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཁྲེང་ཏུའུ་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སི་ཁྲོན་ཡུན་ཧྲེ་ལྗང་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་པའི་བོད་རིགས་ཕོ་གཞོན་འབྲུག་གྲགས་ཀྱིས་གསར་གཏོད་ལས་གཏོད་ལ་བརྟེན་ནས་ཕ་ཡུལ་ལ་ཞབས་འདེགས་ཞུས་ཤིང་། ཁོང་གིས“བོད་ཡིག་ཡིག་སྒྱུར་དཔོན”ཞེས་པ་དང“བོད་ལུགས་གསོ་རིག་གི་སྨན་པ་བཟང་པོ”ཞེས་པ་སོགས་ཀྱི་རྣམ་གྲངས་གསར་སྤེལ་བྱས་ཡོད་པ་མ་ཟད། ད་དུང་ཁོང་ལ་ཚན་རྩལ་ལ་བརྟེན་ནས་ཕ་ཡུལ་གྱི་དྭངས་གཙང་ལྷད་མེད་ཀྱི་ཐོན་རྫས་ཕྱིར་ཚོང་བྱ་རྒྱུ་དང་ལག་རྩལ་གསར་པ་དང་བསམ་གཞི་གསར་པར་བརྟེན་ནས་བོད་རིགས་ས་ཁུལ་འཕེལ་རྒྱས་དང་མི་སེར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་འདུན་པ་ཞིག་ཀྱང་ཡོད་པ་རེད།
         འབྲུག་གྲགས་ནི་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་འབུམ་རམས་སློབ་མ་ཞིག་རེད། ཁོང་ལོ་ན་ཆུང་ནའང་ལས་གཏོད་བྱས་ནས་ལོ་བདུན་ལྷག་ཙམ་སོང་ཡོད། ད་ལྟ་ཁོང་གི་ཚོགས་པར་ཁྱོན་མི་50ལྷག་ཙམ་ཡོད་པ་ཚང་མ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་ནས་ཐོན་པའམ་ཡང་ན་སློབ་སྦྱོང་བྱེད་མུས་ཀྱི་བོད་རིགས་སློབ་མ་ཤ་སྟག་ཡིན་པ་དང་ཁོང་ཚོའི་ཆ་སྙོམས་ལོ་ཚད་ལོ་30ཡང་ཟིན་གྱི་མེད་པ་རེད།
         2013ལོར་དྲ་སྦྲེལ་ལ་བརྟེན་ནས་ལས་གཏོད་བྱེད་པའི་སྲོལ་ཞིག་དར་ཁྱབ་བྱུང་འགོ་ཚུགས། སློབ་གྲྭ་ཆེན་མོ་འགྲིམ་རིང“ཨར་ཁང”དང“ཟ་ཁང”གཉེར་མྱོང་ཡོད་པའི་འབྲུག་གྲགས་ཀྱི་ལས་གཏོད་སེམས་ཤུགས་སླར་ཡང་འཕེལ་ཞིང་། ཁོང་ལ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་བོད་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་རྒྱུའི་བློ་ཞིག་སྐྱེས། སྐབས་དེར་རང་རྒྱལ་ནས་ཐོན་པའི་ལག་ཐོགས་ཁ་པར་ལ་བོད་ཡིག་འབེབས་འཇུག་ནུས་པ་མེད་སྟབས། བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་རིན་གོང་མཐོ་བའི་ཀུ་ཤུ་རྟགས་ཅན་གྱི་ལག་ཐོགས་ཉོ་དགོས་བྱུང་། དེས་ན་འབྲུག་གྲགས་ལ་ཕབ་ལེན་སླ་བ་དང་། སྒྲིག་སྦྱོར་བདེ་བ། ཚིག་མཛོད་ཁྱབ་རྒྱ་ཆེ་བ། ཐོ་འཇུག་ཨང་གྲངས་དང་མཉམ་དུ་སྤྱོད་ཆོག་པ་བཅས་ཀྱི་སྟེགས་བུ་ལས་བརྒལ་བའི་ལག་ཐོགས་བོད་ཡིག་འཇུག་ཐབས་ཤིག་གསར་སྤེལ་བྱས་ནས་དེའི་ཐད་ཀྱི་སྟོང་ཆ་བསྐང་རྒྱུའི་བསམ་འདུན་བྱུང་བ་རེད།
         གསར་སྤེལ་ལག་རྩལ་ཤེས་ལྡན་པ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད་འབྲུག་གྲགས་ཀྱིས་ཚོགས་པ་སྒྲིག་འཛུགས་དང་མི་སྣ་གདན་ཞུ་བྱེད་འགོ་བརྩམས་ཏེ“སི་ཁྲོན་ཡུན་ཧྲེ་ལྗང་ནུས་ཚན་རྩལ་ཚད་ཡོད་ཀུང་སི”ཐོ་འགོད་བྱས་ནས་བཙུགས་ཤིང་། དུས་དེ་ནས་བཟུང་བོད་ཡིག་འཇུག་ཐབས་ཀྱི་ཉེར་སྐྱོད་བྱ་རིམ་དང་དེ་བཞིན་བོད་རྒྱ་སྐད་ཡིག་གཉིས་ཀྱི་མཉེན་ཆས་གཞན་དག་གསར་སྤེལ་བྱེད་པར་རྩེ་གཅིག་ཏུ་གཞོལ། ལོ་གཅིག་འབད་བརྩོན་བྱས་པ་བརྒྱུད་འབྲུག་གྲགས་ཀྱི་ཚོགས་པས“ཡུན་ཧྲི་རིག་ལྡན་བོད་ཡིག་འཇུག་ཐབས་པར་གཞི་1.0ཏེ་ཐོན་མི་རིག་ལྡན་བོད་ཡིག་འཇུག་ཐབས”ཞེས་པ་གྲུབ་འབྲས་ཐོན་པའི་སྒོ་ནས་ཞིབ་འཇུག་གསར་བཟོ་བྱས་པ་རེད། འབྲུག་གྲགས་ཀྱིས་ང་ཚོས་སྐད་ཡིག་སྤེལ་རེས་ལག་རྩལ་བརྒྱུད་མིས་ཕབ་སྒྱུར་བྱེད་པ་ནས་འཕྲུལ་ཆས་ཀྱིས་ཕབ་སྒྱུར་བྱེད་པའི་བར་དང་དེ་ནས་རིག་ལྡན་ཕབ་སྒྱུར་བྱེད་པའི་བར་འགྱུར་ལྡོག་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
         འཇུག་ཐབས་ཞིབ་འཇུག་གསར་བཟོ་བྱུང་རྗེས་འབྲུག་གྲགས་ཀྱི་ཚོགས་པས“བོད་ཡིག་ཡིག་སྒྱུར་དཔོན”ཞེས་པ་དང“བོད་ལུགས་གསོ་རིག་གི་སྨན་པ་བཟང་པོ”ཞེས་པ་ཞིབ་འཇུག་གསར་སྤེལ་བྱས་ཡོད། “བོད་ཡིག་ཡིག་སྒྱུར་དཔོན”ཞེས་པ་དེས་བོད་ཡིག་འཇུག་ཐབས་བརྒྱུད་དྲ་ཐོག་ནས་ཡིག་སྒྱུར་ཞབས་ཞུ་རིན་མེད་པར་མཁོ་འདོན་བྱེད་པ་དང་དེ་ལས་ད་དུང་སློབ་སྦྱོང་དང་སློབ་ཚན་སོགས་ཀྱི་ནང་དོན་ཡང་འཕེལ་ཡོད། “བོད་ལུགས་གསོ་རིག་གི་སྨན་པ་བཟང་པོ”ཞེས་པ་དེས“བོད་ལུགས་སྨན་པ་བསྟེན་བསམས་ཀྱང་གང་དུ་སྐྱོད་དགོས་མིན་མི་ཤེས་པ”ཡི་དཀའ་གནད་བསལ་ཡོད་པ་རེད།
         “བོད་ལུགས་གསོ་རིག་གི་སྨན་པ་བཟང་པོ”ཞེས་པའི་སྙན་གྲགས་སྔར་བས་ཆེ་རུ་གཏོང་ཆེད་འབྲུག་གྲགས་ཀྱིས་བོད་ཀྱི་སྤྱི་ཕན་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་བོད་ལྗོངས་དང་སི་ཁྲོན་གྱི་བོད་རིགས་ས་ཁུལ་དུ“བོད་ལུགས་གསོ་རིག་གི་སྨན་པ་བཟང་པོ”ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།