འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱང་སྐྱོད་ཀྱི་སྙིང་སྟོབས་མཚོ་བོད་ས་མཐོར་སྔར་ལས་ལྷག་པར་དར་སྤེལ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་བག་ལ་ཞ་བའི་རྒྱང་སྐྱོད་ཀྱི་ལོ་རྒྱུས་དུམ་བུ་ཞིག་ཉེ་བའི་ལོ་ཤས་རིང་རིམ་གྱིས་སྤྱན་ལམ་དུ་གསལ་ཡོང་བ་རེད།
         ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཧྲི་ལིན་གྱིས། 1936ལོའི་ཟླ་བདུན་པར་དམར་དམག་དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པ་དང་དེ་བཞིན་དམར་དམག་སྤྱི་ཁྱབ་པུའི་དམར་དམག་ཁྲི་3ལྷག་ཙམ་པད་མར་ཡོང་ནས་དེ་གའི་རྫོང་ཁོངས་སུ་ཉིན་20ལྷག་ཙམ་དཔུང་སྐྱོད་བྱས་མཐར་ཀན་ལྷོ་བརྒྱུད་དེ་བྱང་ཕྱོགས་སུ་བསྐྱོད་པ་རེད། ཡིན་ན་ཡང་དུས་ཡུན་རིང་པོའི་ནང་ལོ་རྒྱུས་དུམ་བུ་འདིར་ཆ་རྒྱུས་ཡོད་མཁན་ཧ་ཅང་ཉུང་ཞེས་ངོ་སྤྲོད་བྱས་པ་རེད།
         ཧྲི་ལིན་གྱིས། མཚོ་སྔོན་ནི་དར་རྒྱས་འགྲོ་འགོར་བའི་ས་ཁུལ་དུ་གཏོགས་པས་རིག་གཞུང་གི་སྟོབས་ཤུགས་ཀྱང་ཆེན་པོ་མེད། པད་མའི་རྒྱང་སྐྱོད་ལོ་རྒྱུས་ལ་དུས་རབས་གོང་མའི་ལོ་རབས་80ནང་ནས་བཟུང་ཞིབ་འཇུག་བྱེད་འགོ་བརྩམས་ཀྱང་ཉེ་བའི་ལོ་ཤས་རིང་གཞི་ནས་ཚད་བརྒལ་བྱུང་བས་ཚད་ལྡན་ཡིག་ཆ་དང་ལོ་རྒྱུས་དཔྱད་གཞི་ཉུང་ཤས་ཁྲོད་གཞི་ནས་འགྱུར་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།
         ལོ་རྒྱུས་དུམ་བུ་འདི་ཀུན་གྱིས“བརྗེད”ནས་ལོ་མང་པོ་འདས་ཀྱང་། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་མ་བརྗེད་པར་ད་ཆ་ཡང་རྟག་ཏུ་དམར་དམག་གི་དྲིན་དྲན་བཞིན་ཡོད་པ་རེད། ཉེ་ཆར། གསར་འགོད་པ་པད་མ་རྫོང་ཡར་ཐང་ཤང་དུ་ཡོང་ནས། དེ་གའི་མི་རྣམས་ཀྱིས“དམར་དམག་ལུང་པ”ཞེས་འབོད་པ་དེར་བསྐྱོད་དེ་ཡུན་རིང་མ་སོང་བར་འབྲོག་པ་གསུམ་གྱིས་དམར་དམག་གི་བང་སོར་དར་ཚོན་སྣ་ལྔའི་ཁ་བཏགས་དང་མཆོད་མར། མཆོད་རྩམ་བཅས་ཕུལ་བ་མཐོང་བྱུང་།
         ཡར་ཐང་ཤང་དབང་རོས་གྲོང་ཚོའི་ལོ་68ལ་སླེབས་པའི་འབྲོག་པ་ཀརྨ་ཚེ་བྷོས་གསར་འགོད་པར། ཁོང་ཚོས་དམར་དམག་བསྐྱོད་མྱོང་བའི་ཟམ་པ་དང་། ལམ། ལུང་པ་སོགས་ཀྱི་འགོར“དམར་དམག”ཅེས་བཏགས་ནས་འབོད་ཀྱི་ཡོད། ད་ཆ་ན་ཚོད་ཅུང་རྒན་པ་རྣམས་ཀྱིས་ད་དུང་འབྲེལ་ཡོད་ཀྱི་བོད་གཞས་མང་པོ་ཤེས་ཀྱི་ཡོད། དེ་དག་ལས་གཞས་གཅིག་གི་གཞས་ཚིག་ནི“དམར་དམག་དམག་ལ་ཆས་སོང་། གྲོང་ཚོ་སྟོང་པ་ཆགས་སོང་། སྟོང་པ་ཆགས་ཀྱང་མི་སྐྱོ། དམར་དམག་ཆས་པས་སྐྱོ་བྱུང”ཞེས་བཤད་པ་རེད།
         “སེམས་འགུལ་ཐེབས་པ་ཞིག་ལ། འབྲོག་དུད་མང་པོའི་ཁྱིམ་དུ་ད་ཆ་ཡང་དམར་དམག་གིས་བཞག་པའི་རྟ་ལྕག་དང་། གྲི ཐོམ་བུ། ལྕགས་ཟངས་སོགས་ཉར་འདུག ཁོང་ཚོས་ཅ་ལག་དེ་དག་མཆོད་ཁང་དུ་བཤམས་འདུག”ཅེས་པད་མ་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཤ་བོ་རྒྱལ་གྱིས་བཤད་པ་རེད།
         ཀརྨ་ཚེ་བྷོས། རྒྱང་སྐྱོད་བྱེད་མཁན་དམར་དམག་ཚོ་དཀའ་སྤྱད་སྡུག་རུས་ཆེ་ཞིང་སྒྲིག་ཁྲིམས་ནན་པོ་ཡོད་པས་ཁོང་ཚོ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་འབྲོག་པ་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་ཤོད་ཀྱི་ཡོད་ཅེས་བཤད་པ་དང་། ཁོང་ཆུང་ངུའི་དུས་སུ་ཡང་ཨ་ཕས་མཐོ་གྲང་དང་སྐམ་ཐན་ཆེ་བའི་མཚོ་བོད་ས་མཐོར་འབྲུ་རིགས་ཐོན་འབབ་ཅུང་ཉུང་ཞིང་། ས་གནས་དེ་གའི་ནས་དང་སྲན་མ་སྨིན་ཡོད་ན་ཡང་། དམག་འབྲུ་ཆད་པའི་གནས་ཚུལ་ཛ་དྲག་འོག་ཀྱང་དམར་དམག་མང་ཆེ་བས་ནོར་གནག་གི་རུས་པ་དང་སྔོ་ཚལ་བཏུས་ནས་ཐང་སྐོལ་བ་ལས་འབྲོག་པ་མང་ཚོགས་ལ་འབྲུ་རིགས་སློང་བ་ཤིན་ཏུ་ཉུང་ཞེས་པའི་གཏམ་རྒྱུད་ཤོད་མྱོང་ཡོད་པ་རེད།
         “རྒྱང་སྐྱོད་བྱེད་མཁན་དམར་དམག་པད་མར་སྡོད་སྐབས‘དགོས་པ་བཅུ་དང་མི་དགོས་པ་བཅུའི’མི་རིགས་སྲིད་ཇུས་ལག་བསྟར་ནན་པོ་བྱས་ནས་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་བརྩི་སྲུང་བྱེད་ཅི་ཐུབ་བྱས་པས་ས་གནས་དེ་གའི་མི་རྣམས་ཀྱི་བརྩི་བཀུར་ཐོབ་ཡོད་པ་རེད”ཅེས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཀྲོའུ་ཀྲུང་ཡུས་ཀྱིས་བཤད་པ་རེད།
         ལོ་ངོ་80འདས་ཀྱང་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་པད་མ་རྫོང་དུ་སྔར་ལས་ལྷག་པར་དར་སྤེལ་ཕྱིན་འདུག པད་མ་རྫོང་གི་དམར་དམག་བསྐྱོད་མྱོང་བའི་ས་ཆ་ཁག་གཅིག་ནི་ད་ཆའི་སྨར་ཁོག་གདོད་མའི་ནགས་ར་སྟེ་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་དུ་གཏོགས་པས། སྣོད་བཅུད་སྲུང་སྐྱོང་གི་དགོས་མཁོ་ལྟར་ནགས་ཤིང་མི་གཅོད་པའི་འབྲོག་པ་ཚོའི་འཚོ་བ་ཅུང་སྐྱོ་ཡང་། ཁོང་ཚོ་ཚང་མས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བསམ་ཤེས་བྱེད་ཐུབ་ཅེས་བཤད་དེ་སེམས་མཐུན་ཤུགས་སྒྲིལ་བྱས་ནས་ཆེས་སྐྱོ་བའི་དུས་འགོའི་ལོ་ཤས་འཁྱོལ་ཐབས་བྱས་པ་རེད་ཅེས་ཤ་བོ་རྒྱལ་གྱིས་བཤད་པ་རེད།
         ད་ཆ། འབྲོག་པ་ཚོས་ནགས་ཁྲོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཤ་མོ་དང་བོད་ཇ་སོགས་དེ་སྔ་མཚོ་བོད་ས་མཐོའི་རི་གསེབ་ཏུ་ཡོད་པའི་ཁྱད་ལྡན་ཡུལ་ཟོག་མིའི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པས་འབྲེལ་ཡོད་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད། འབྲོག་པ་ཁག་གཅིག་ནགས་ལས་དོ་དམ་སྲུང་སྐྱོང་རུ་ཁག་ཏུ་ཞུགས་ནས་ཉིན་ལྟར་ནགས་ཤིང་དང་བདག་མེད་སྲོག་ཆགས་སྲུང་སྐྱོང་བྱས་ནས་ཟླ་ཕོགས་ལེན་བཞིན་ཡོད་པ་རེད།
         ཤ་བོ་རྒྱལ་གྱིས། འབྲོག་པ་མང་ཚོགས་ཚོས་དཀའ་ངལ་ཁྱད་དུ་བསད་དེ་འབྲི་ཆུ་སྨད་རྒྱུད་ཀྱི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་ཞོར། རང་སྟོབས་རང་སྤེལ་དང་མཐུན་སྒྲིལ་མཉམ་ལས་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གཤིས་སྤྱོད་འདི་ནི་དེ་སྔའི་དམར་དམག་གི་གཤིས་སྤྱོད་དང་ཀུན་ནས་འབྲེལ་ཅིང་། འདི་ནི་རྒྱང་སྐྱོད་སྙིང་སྟོབས་པད་མ་རྫོང་དུ་བརྒྱུད་སྤྲོད་བྱེད་པའི་དངོས་བྲིས་ཤིག་རེད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།