འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པ་ཁུལ་གྱིས“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”གྱི་དུས་རབས་གསར་པ་གཏོད་འགོ་འཛུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྔ་པ་ཁུལ་སྲིད་གཞུང་གི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདས་མ་ཐག་པའི“རྒྱལ་སྟོན”སྤྲོ་གསེང་གཟའ་འཁོར་རིང་། རྔ་པ་ཁུལ་གྱི་ཡུལ་སྐོར་ལས་དོན་ཐད་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་236.36ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་15.89བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་14%དང་14%སོ་སོར་འཕར་ཡོད། མི་རྣམས་ཧང་སངས་དགོས་པའི་རྒྱབ་ལྗོངས་འོག་གི་རྒྱུ་རྐྱེན་གཙོ་བོ་ནི“‘སྣོད་བཅུད་དང་། ལས་ཀའི་གནས་ཚུལ། རིག་གནས་ཀྱི་གནས་ཚུལ’བཅས་མཉམ་འདྲེས་དང་། ‘མཛེས་ལྗོངས་ཆུང་གྲས་དང་། ས་ཞིང་ཆུང་གྲས། ཁོར་ཡུག་ཆུང་གྲས’བཅས་མཉམ་འགུལ”གྱི་གྲུབ་འབྲས་ཐོག་མར་ཐོན་པ་དེ་རེད།
         ཉེ་བའི་ལོ་ཤས་རིང་། རྔ་པ་ཀྲོའུ་ཡི་གོང་འོག་ཚང་མས་བློ་ཁོག་ཆེན་པོས་ལག་ལེན་དང་འཚོལ་ཞིབ་བྱས་པས། “ཕྲེང་བརྒྱུས་ཐིག་ཆགས་དང་། ཐིག་མཆེད་ངོས་ཆགས། ས་ཁོངས་ཧྲིལ་པོ་དང་དུས་རབས་ཧྲིལ་པོའི་སྣ་མང་ཅན་བཅས་ཀྱི་མཛེས་ལྗོངས་ཀྱི་བཀོད་པ་ཞིག་ཐོག་མར་ཆགས་པའི”གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། འོན་ཀྱང་མང་ཚོགས་ཀྱི་ཡུལ་སྐོར་རྒྱུན་གཏན་ཅན་དང་། ཡུལ་སྐོར་བའི་དགོས་མཁོ་སྣ་མང་ཅན། ཁྲོམ་ར་ཉིན་རེ་བཞིན་རང་གཤིས་ཅན་བཅས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་བསྟུན་ནས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་འགྲན་སློང་གསར་པ་ཞིག་འཕྲད་པ་དང་ལྷག་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་དང་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་འདུ་ཤེས་བཏོན་པ་དེས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་ནང་དོན་གསར་རྐྱང་ཞིག་བསྣན་ཡོད། ཇི་ལྟར་བྱས་ནས་རྔ་པ་ཀྲོའུ་ཡི་ཡུལ་སྐོར་འཕེལ་རྒྱས་ཁྲོད་དབྱར་ཁ་ཚ་བ་ཆེ་ལ་དགུན་ཁ་གྲང་བ་དང་། ཤར་དྲག་ལ་ནུབ་ཞན་པ། བྱང་ཚ་བ་ཆེ་ལ་ལྷོ་གྲང་བ་དང་དབུས་དྲོ་གྲང་སྙོམས་པ་སོགས་ཀྱི་དཀའ་གནད་བསལ་ནས“རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ”གང་མགྱོགས་འཛུགས་སྐྲུན་བྱེད་དགོས་སམ། འདི་ལོའི་ཟླ་7པར། ཀྲོའུ་ཨུད་ཀྱིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས“སྣོད་བཅུད་དང་། ལས་ཀའི་གནས་ཚུལ། རིག་གནས་ཀྱི་གནས་ཚུལ”བཅས་མཉམ་འདྲེས་དང་། “མཛེས་ལྗོངས་ཆུང་གྲས་དང་། ས་ཞིང་ཆུང་གྲས། ཁོར་ཡུག་ཆུང་གྲས”བཅས་མཉམ་འགུལ་བྱེད་པའི་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པར་བརྟེན་ནས་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས་ལུགས་བཏོན་ཡོད་པ་རེད།
         ད་ཆའི་རྔ་པ་ནི། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོ་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་འཕེལ་རིམ་ཁྲོད། ཡུལ་སྐོར་ནི་སྣོད་བཅུད་སྣ་ཁ་མང་བ་ལས་མཛེས་སྡུག་ལྡན་པ་དང་། ལས་ཀའི་གནས་ཚུལ་ཕུན་སུམ་ཚོགས་པ་ལས་གསོན་ཤུགས་རྒྱས་པ། རིག་གནས་རྣམ་པ་ཟབ་མོ་ཡོད་པ་ལས་དོན་སྙིང་ལྡན་པ། མཛེས་ལྗོངས་ཆུང་གྲས་ལས་སྔར་བས་སྤུས་ཀ་ལེགས་པ། ས་ཞིང་ཆུང་གྲས་ལས་སྔར་བས་སྤྲོ་སྣང་ལྡན་པ། ཁོར་ཡུག་ཆུང་གྲས་ལས་སྔར་བས་འཇམ་ཤུགས་ལྡན་པ་བཅས་སུ་ཆགས་ཡོད་པ་རེད། “‘སྣོད་བཅུད་དང་། ལས་ཀའི་གནས་ཚུལ། རིག་གནས་ཀྱི་གནས་ཚུལ་བཅས’མཉམ་འདྲེས་དང‘མཛེས་ལྗོངས་ཆུང་གྲས་དང་། ས་ཞིང་ཆུང་གྲས། ཁོར་ཡུག་ཆུང་གྲས’བཅས་མཉམ་འགུལ་བྱུང་བ”ལས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར“ག་རེ་བྱེད་དགོས་པ། ཇི་ལྟར་བྱེད་དགོས་པའི”གནད་དོན་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དུ“ག་རེ་འཛུགས་སྐྲུན་བྱེད་དགོས་པ། ཇི་ལྟར་འཛུགས་སྐྲུན་བྱེད་དགོས་པའི”གནད་དོན་ཐག་གཅོད་ཏན་ཏིག་ཐུབ་ནས། མཛེས་སྡུག་ལྡན་པའི་རྔ་པ་སྟེ“རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོ”འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་བརྟན་པོ་ཞིག་སྤོས་ནས་དུས་རབས་གསར་པར་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།