འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དང་ཨན་ཧུའེ་ཞིང་ཆེན་གྱིས་བྱེས་འགྲོ་དང་གཞིས་ལུས་བྱིས་པའི་སྤྱི་ཚོགས་སྲུང་སྐྱོང་
    རྣམ་གྲངས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་24ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་འཆར་གཞི་(ཀྲུང་གོ)དང་ཀྲུང་གོ་སྤྱི་ཚོགས་ལས་དོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“མཚོ་སྔོན་དང་ཨན་ཧུའེ་ཞིང་ཆེན་གྱིས་བྱེས་འགྲོ་དང་གཞིས་ལུས་བྱིས་པའི་སྤྱི་ཚོགས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་རྣམ་གྲངས”གོང་ཚེས་ཉིན་པེ་ཅིང་དུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།
         རྣམ་གྲངས་ལག་བསྟར་བྱ་ཡུལ་གྱི་ས་ཆ་དེ་བྱེས་འགྲོ་དང་གཞིས་ལུས་བྱིས་པའི་བསྡུར་ཚད་ཅུང་མང་བའི་མཚོ་སྔོན་ཞིང་ཆེན་དང་ཨན་ཧུའེ་ཞིང་ཆེན་གཉིས་བདམས་ཤིང་། གོམ་སྟབས་རྗེས་མའི་ལོ་གསུམ་གྱི་རྣམ་གྲངས་དུས་ཚོད་ནང་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་གནས་སྤོས་ཡུལ་མིའི་འཆར་གཞིའི་ཤུགས་རྐྱེན་ཕོག་པའི་བྱེས་འགྲོའི་བྱིས་པ་དང་ཨན་ཧུའེ་ཞིང་ཆེན་ལི་ཤིན་རྫོང་གི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་ཕྱོགས་ནས་སྤྱི་ཚོགས་ལས་དོན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། བྱིས་པའི་ཞབས་ཞུའི་སྤྱི་ཚོགས་ལས་དོན་སྒྲིག་གཞི་13བཙུགས་ནས་སྤྱི་ཚོགས་ལས་དོན་རྩ་འཛུགས་570ལ་བྱེས་འགྲོ་དང་གཞིས་ལུས་བྱིས་པའི་ཞབས་ཞུའི་ནུས་པ་གསོ་སྦྱོང་མཁོ་འདོན་བྱ་རྒྱུ་རེད། བྱེས་འགྲོ་དང་གཞིས་ལུས་བྱིས་པར་དམིགས་པའི་སྤྱི་ཚོགས་ལས་དོན་ཞབས་ཞུའི་ཚད་གཞི་དང་ཞབས་ཞུ་ཕྱོགས་སྟོན་ལ་དམིགས་ནས་བྱེས་འགྲོ་དང་གཞིས་ལུས་བྱིས་པའི་རྩ་འཛུགས་ཀྱི་ཚད་གཞི་བཟོ་བ་དང་ཞབས་ཞུའི་ཚད་གཞི་བཟོ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཞིབ་འཇུག་གསར་སྤེལ་བྱས་ནས་མཚོ་སྔོན་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱི་བྱེས་འགྲོ་དང་གཞིས་ལུས་བྱིས་པའི་ཞབས་ཞུའི་ནུས་པ་དང་ཕན་འབྲས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
         རྣམ་གྲངས་དེ་ནི་སྤྱི་ཚོགས་ལས་རིགས་ཁག་ལ་རྣམ་གྲངས་ངོ་སྤྲོད་དང་། ཆ་འཕྲིན་སྤེལ་རེས་ཀྱི་གོ་སྐབས་མཁོ་འདོན། གཞིས་ལུས་དང་བྱེས་འགྲོའི་བྱིས་པའི་སྤྱི་ཚོགས་སྲུང་སྐྱོང་གནད་དོན་འཚོལ་ཞིབ་བཅས་བྱེད་པའི་སྟེགས་བུ་ཞིག་ཡིན། རྣམ་གྲངས་ཀྱི་དམིགས་ཚད་དང་ལས་འགན་སྔར་བས་ཁ་གསལ་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ནས་མཚོ་སྔོན་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱི་བྱེས་འགྲོ་དང་གཞིས་ལུས་བྱིས་པའི་སྤྱི་ཚོགས་སྲུང་སྐྱོང་ལས་དོན་ལ་དེ་བས་གཏིང་ཟབ་ཀྱི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རེད།
         རྣམ་གྲངས་ལ་རོགས་དངུལ་གཏོང་མཁན་ཡོ་རོབ་མནའ་འབྲེལ་གྱི་འཐུས་མི་ཚོགས་པའི་མཉམ་ལས་ཁྲུའི་རྣམ་གྲངས་དཔོན་རིགས་དང་། ཀྲུང་གོར་བཅའ་སྡོད་སུའེ་ཏེན་གཞུང་ཚབ་ཁང་གི་འཐུས་མི། རྣམ་གྲངས་ལག་བསྟར་ཕྱོགས་ཀྱི་རྒྱལ་སྤྱིའི་འཆར་གཞི་(ཀྲུང་གོ)ཀྲུང་གོ་སྤྱི་ཚོགས་ལས་དོན་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་དམངས་ཕན་སྤྱི་ཚོགས་ལས་དོན་ཞིབ་འཇུག་དང་འཕེལ་རྒྱས་ལྟེ་གནས། ཨན་ཧུའེ་དེང་རབས་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།