འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།“བུད་མེད་ཀྱི་ཚེ་གང་སློབ་སྦྱོང་འཆར་གཞི”པེ་ཅིང་དུ་ལག་བསྟར་བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། “ངོ་མཚར་ཆེ་བའི་མི་ཚེ། བུད་མེད་ཀྱི་ཚེ་གང་སློབ་སྦྱོང་འཆར་གཞི”དེ་པེ་ཅིང་དུ་ལག་བསྟར་བྱེད་འགོ་ཚུགས་ཤིང་། འཆར་གཞི་དེ་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཏོན་པ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཁབ་སྒོ་དབྱེ་སློབ་ཆེན་དང་མཉམ་འབྲེལ་ཐོག་ལག་བསྟར་བྱས་པ་ཞིག་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འཆར་གཞི་དེ་ནི“དྲ་སྦྲེལ་དང་བུད་མེད་ཀྱི་ཚེ་གང་སློབ་སྦྱོང་ཟུང་དུ་འབྲེལ་བའི”བསམ་ཕྱོགས་ལ་གཞིགས་ནས་གློག་ཀླད་དུད་སྣེ་དང་ལག་ཐོགས་ཁ་པར་གྱི་དུད་སྣེ་གཉིས་གཞི་གཅིག་ཏུ་བྱས་པའི“བུད་མེད་ཀྱི་སློབ་སྦྱོང་ལོངས་སུ་སྤྱོད་པའི”དྲ་སྦྲེལ་སློབ་སྦྱོང་སྟེགས་བུ་གསར་གཏོད་བྱས་ཏེ། བུད་མེད་ལ་ཉེ་བཅར་དང་བུད་མེད་ལ་ཞབས་ཞུའི་སློབ་ཚན་གྱི་ཐོན་ཁུངས་མང་པོ་མཁོ་འདོན་བྱས་པ་བརྒྱུད་དྲ་ཐོག་དང་དྲ་འོག་གི་ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་ཤུགས་སྣོན་རྒྱག་པའི་སློབ་སྦྱོང་བྱེད་སྟངས་ཤིག་ཆགས་པ་བྱས་ཏེ་བུད་མེད་ཚོའི་སློབ་སྦྱོང་བྱེད་པའི“མཐའ་མའི་འགག་གནད”སེལ་རྒྱུ་ཡིན་པ་རེད།
         རིག་གནས་བློ་སྦྱོང་དང་། བདེ་ཐང་འཚོ་བ། གཉེན་སྒྲིག་ཁྱིམ་ཚང་། ཕྲུ་གུའི་སློབ་གསོ་བཅས་སློབ་སྦྱོང་གི་པར་གཞི་ཆེན་པོ་བཞི་ལ་དབྱེ་ནས་བཏོན་རྒྱུའི་འཆར་གཞི་ཡོད་པ་དང་། ཁག་དང་པོར་ཕུལ་བྱུང་གི་སློབ་ཚན་ཁག་80དང་། བརྙན་རིས་ཁག་560 དུས་ཚོད་སྐར་མ་9000ཡོད་པའི་བུད་མེད་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཚན་བདམས་ཡོད་པ་དང་། སླད་ཕྱིན་དུས་མཚམས་དབྱེ་ནས་སློབ་ཚན་དེ་བས་མང་བ་བཏོན་ཏེ་ཚོགས་པ་མི་འདྲ་བའི་བུད་མེད་ཀྱི་སློབ་སྦྱོང་གི་དགོས་མཁོ་སྐོང་རྒྱུ་ཡིན་པ་རེད།
         སྟེགས་བུ་དེ་ཚོད་ལྟ་ཟླ་གཅིག་ལྷག་ཙམ་བྱས་པ་བརྒྱུད་པེ་ཅིང་དང་ཧྲང་ཧའེ་སོགས་ཚོད་ལྟའི་གྲོང་ཁྱེར་7ལ་ཐེངས་དང་པོར་དྲ་ཐོག་ཏུ་ཞུགས་ནས་སློབ་སྦྱོང་བྱེད་མཁན་8000ལྷག་ཙམ་ཟིན་ཡོད། དུས་ཡུན་རིང་པོ་འཁོར་སྐྱོད་བྱེད་པའི་ལས་དོན་གྱི་རྣམ་གྲངས་ཡིན་པའི་ངོས་ནས། འཆར་གཞི་དེ་ལོ་གཅིག་གི་ཚོད་ལྟ་བྱེད་མཇུག་སྒྲིལ་རྗེས་མུ་མཐུད་ཁྱབ་གདལ་བཏང་སྟེ་ལོ་གསུམ་གྱི་དུས་ཚོད་ནང་རྒྱལ་ཡོངས་སུ་ཁྱབ་རྒྱུའི་འཆར་གཞི་ཡོད་པ་དང་། སྔོན་དཔག་བྱས་ན་སློབ་མ་ཁྲི་བརྒྱ་ལ་ཉེ་བ་དེའི་ནང་ཞུགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།