འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཆུ་བེད་འཕེལ་རྒྱས་ལོ་རྒྱུས་ཐོག་གི་མ་འཇོག་ཆེ་ཤོས་ཀྱི་ལས་གྲྭའི་རགས་ཆེན་
    ཆུ་གཅོད་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལོ་གཉིས་ལྷག་ཙམ་རིང་ཨར་རྒྱག་ཧུར་ཐག་བྱས་པ་བརྒྱུད་རྒྱལ་སྟོན་རིང་རགས་རྩིས་བརྒྱབ་ན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་49.532ཟིན་པའི་ལ་ལྷོ་ཆུ་བེད་ལྟེ་གནས་དང་དེ་བཞིན་དེའི་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་ལས་གྲྭའི་རགས་ཆེན་ཆུ་གཅོད་ཐུབ་པ་དེའི་ཐོག་ནས། བོད་ཀྱི་ཆུ་བེད་འཕེལ་རྒྱས་ལོ་རྒྱུས་ཐོག་གི་མ་འཇོག་ཆེ་ཤོས་ཀྱི་ལས་གྲྭ་དེ་འགག་རྩའི་རགས་ཆེན་དངོས་གཞིའི་ཨར་རྒྱག་དུས་མཚམས་སུ་སྔ་སྣུར་དུ་བསླེབས་པ་མཚོན་ཡོད་པ་རེད།
           ལ་ལྷོ་ཆུ་བེད་ལྟེ་གནས་དང་དེ་བཞིན་དེའི་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་ལས་གྲྭ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དང་བསམ་གྲུབ་རྩེ་ཆུས་ཁོངས་སུ་ཡོད་པ་དང་། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་ཆེའི་ཆུ་གྲོན་ཆུ་འདོན་ལས་གྲྭ་172གྲས་ཀྱི་གཅིག་ཡིན་པ་རེད། ལས་གྲྭའི་མ་དངུལ་ཚང་མ་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དངུལ་འབོར་ཁྲོད་ནས་བཀོད་སྒྲིག་བྱེད་ཀྱི་ཡོད་པ་དང་། འཆར་འགོད་ཀྱི་སྤྱིའི་ལས་ཡུན་ཟླ་བ་58ཡིན་ལ་དངོས་གཞིའི་ལས་གྲྭ་2014ལོའི་ཟླ་དྲུག་པ་ནས་སྐྲུན་འགོ་ཚུགས་ཡོད་པ་རེད།
           ལ་ལྷོ་ཆུ་བེད་ལྟེ་གནས་དང་དེའི་ཆུ་འདྲེན་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུན་པའོ་ཡིས། ད་རེས་སྔ་སྣུར་དུ་རགས་ཆེན་ཆུ་གཅོད་ཐུབ་པ་འདིས་རགས་ཆེན་དངོས་གཞིའི་ལས་གྲྭའི་ཨར་རྒྱག་ལ་རྨང་གཞི་བརྟན་པོ་བཏིང་ཡོད། “ལ་ལྷོ་ཆུ་བེད་ལྟེ་གནས་དང་དེ་བཞིན་དེའི་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་ལས་གྲྭ་ནི་བོད་ཀྱི་ཆུ་བེད་འཕེལ་རྒྱས་ལོ་རྒྱུས་ཐོག་གི་མ་འཇོག་མང་ཤོས་ཀྱི་ཆུ་བེད་ལས་གྲྭ་དེ་ཡིན་ལ། དེར་ཆུ་འདྲེན་དང་། ཆུ་འདོན། གློག་འདོན། འབྲུབ་འགོག སྣོད་བཅུད་དབུལ་སྐྱོར་ས་ཚིགས་འཛུགས་སྐྲུན་སོགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ལྡན་ཡོད”ཅེས་བཤད་པ་རེད།
          ཡར་ཀླུང་གཙང་བོའི་གཡས་ངོགས་ཀྱི་ཆུ་ལག་རིམ་པ་དང་པོ་ཤབ་ཆུའི་ཆུ་གཞུང་ཐོག་གི་ཚོད་འཛིན་རང་བཞིན་གྱི་ཆུ་བེད་ལས་གྲྭ་ཞིག་ཡིན་པའི་ཆ་ནས། ལ་ལྷོ་ཆུ་བེད་ལྟེ་གནས་དང་དེ་བཞིན་དེའི་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་ལས་གྲྭ་ནི་ལྟེ་བའི་ལས་གྲྭ་དང་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་གཉིས་ལས་གྲུབ་པ་དང་། ལྟེ་བའི་ལས་གྲྭའི་ཁོངས་སུ་རགས་ཆེན་དང་། ཆུ་འབུད་བཟོ་བཀོད། གློག་ཁང་། ཆུ་འདྲེན་ཕུག་ལམ་སོགས་ཚུད་ཡོད་ལ། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.95ཡོད་པ་དང་། ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་དུ་བྲག་མཇུག་དང་། ཆུ་མིག ཉི་རི་གཞུང་སོགས་ཆུ་འདྲེན་ཁུལ་ཆེན་པོ་བཞི་ཡོད་པ་དེ་དག་གི་འཆར་འགོད་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་45.39ཟིན་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ལ་ལྷོ་ཆུ་བེད་ལས་གྲྭའི་ལེ་ལག་ཚང་སྒྲིག་གི་ཆུ་འདྲེན་ཁུལ་ཆེན་པོ་བཞི་ནི་གཞིས་རྩེ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་ཡིན་པ་མ་ཟད་ཐན་ཆེའི་ཁུལ་ཞིག་ཀྱང་ཡིན་པ་རེད། དུས་ཡུན་རིང་པོར་ཆུ་བེད་སྒྲིག་བཀོད་མེད་པའི་རྐྱེན་གྱིས། ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཞིང་སའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་མ་ཐུབ་པར་ས་རྒོད་ལྟ་བུར་ལུས་ཡོད་པ་རེད།
           ཀྲང་ཡུན་པའོ་ཡིས། ལས་གྲྭ་ལེགས་འགྲུབ་བྱུང་རྗེས་ས་གནས་དེ་གའི་ཞིང་ཁར་ཆུ་འདྲེན་ཐུབ་ཚད་75%ཟིན་རྒྱུ་དང་། སྔོན་རྩིས་བརྒྱབ་ན་2030ལོར་ཆུ་འདྲེན་ཁུལ་ཆེན་པོ་བཞིར་ཆུ་འདྲེན་འདེབས་ཞིང་མུའུ་ཁྲི་21.27དང་། གསར་འཕར་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་18.40 རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་16.51 ནགས་ལས་རྒྱ་ཁྱོན་མུའུ་ཁྲི་7.61བཅས་གསར་སྤེལ་བྱེད་ཐུབ་ཅེས་སྔོན་རྩིས་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།