འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྟོན་དུས་ཆེན་རིང་བོད་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ཚད་གཞི་མཐོ་རུ་བཏང་བ།

    ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་103.5ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་18%འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་སྟོན་དུས་ཆེན་གྱི་ངལ་གསོ་ཉིན་བདུན་རིང་བོད་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་103.5ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་18%འཕར་བ་དང་ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་4.9བཏོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.7%འཕར་ཞིང་། དེའི་ནང་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི་41.1ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་17.6%འཕར་བ་དང་ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས་ཁྲི་62.4ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་18.3%འཕར་ཡོད་པ་རེད།
         འདི་ལོ་ཤར་ཚུན་བོད་ལྗོངས་ཀྱིས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་དུ་སྒྱུར་བའི་ལས་དོན་མུ་མཐུད་སྤེལ་བ་དང་ཆབས་ཅིག་ཡུལ་སྐོར་བའི་བཟའ་བཅའ་དང་། སྡོད་གནས། ཕྱིར་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་སོགས་ཐད་ཀྱི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་ཀྱང་སྔར་བས་མཐོ་རུ་བཏང་ནས་རྒྱ་ཆེའི་ཡུལ་སྐོར་བར་ཡུལ་སྐོར་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་ལ་ཡུལ་སྐོར་བ་བོད་དུ་སྡོད་རིང་ལུས་བདེ་སེམས་སྐྱིད་ཡོང་བའང་བྱས་ཡོད་པ་རེད།
            བསྡོམས་རྩིས་ལྟར་ན། རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་རིང་བོད་ལྗོངས་ཡུལ་སྐོར་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གིས་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཞུ་གཏུག་ཁག་8བདག་སྤྲོད་བྱས་པ་ཚང་མ་ཐག་གཅོད་ཡག་པོ་བྱུང་ཡོད། གཞན་ཡང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གིས་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཁྲོམ་རར་ཡུལ་སྐོར་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།