འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཐུན་མོང་ངོས་འཛིན་མི་སེམས་ལ་གཏིང་ཟབ་ཟུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་དྲིལ་བསྒྲགས་སྐར་ཁུང་དང་མིག་དཔེ་སྐུལ་ཁྲིད་དུ་བྱས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་མི་རིགས་མཐུན་སྒྲིལ་ཟླ་བ་སོགས་དུས་ཆེན་དང་ཉིན་མོ་གལ་ཆེན་ལ་དམ་པོར་དམིགས་པ་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པར་སྒྲེང་བ། མི་རིགས་ཁག་གི་ཐུན་མོང་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་དོན་གཙོ་བོར་སྟངས་འཛིན་ནན་པོ་བྱེད་པ་བཅས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་རེད།
         གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་”ཡོང་བའི་གཞི་རྩའི་ལས་འགན་ལ་དམ་པོར་དམིགས་པ་དང་། དུས་མཚམས་ཁག་གི་དུས་བབ་ཀྱི་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་ལ་དུས་ཐོག་ཏུ་ཞིབ་འཇུག་དང་། བཀོད་སྒྲིག སྐུལ་སྤེལ་བཅས་བྱ་རྒྱུའི་བླང་བྱ་བཏོན་ཡོད། མི་རིགས་མཐུན་སྒྲིལ་ལས་དོན་སྔར་བས་མི་སེམས་སུ་ཟུག་ཆེད། 2011ལོ་ནས་བཟུང་། བོད་ཀྱིས་1990ལོ་ནས་ལོ་4རེའི་ནང་ཐེངས་རེ་འཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་གཟེངས་བསྟོད་ཚོགས་ཆེན་དེ་ལོ་རེར་ཐེངས་རེ་འཚོག་རྒྱུར་ལེགས་སྒྲིག་བྱས་པ་མ་ཟད། ས་ཁུལ་(གྲོང་ཁྱེར)དང་རྫོང་(ཆུས་)ལ་ལོ་རེར་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོག་རྒྱུའི་བླང་བྱ་ཡང་བཏོན་པ་རེད། 2015ལོའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་དཔེ་བཟང་མཉམ་སྡེབ་116དང་དཔེ་བཟང་མི་སྒེར་159ལ་གཟེངས་བསྟོད་བྱས་པ་དང་། བོད་རང་སྐྱོང་ལྗོངས་རིམ་པའི་དཔེ་བཟང་མཉམ་སྡེབ་1202དང་དཔེ་བཟང་མི་སྒེར་1843ལ་གཟེངས་བསྟོད་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ཚོགས་ཡོངས་ལ་ཁྲིད་སྟོན་བྱས་ཏེ“རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཕན་ཚུན་ཡང་ཁ་འབྲལ་ཐབས་མེད་པའི”བསམ་བློའི་འདུ་ཤེས་བརྟན་པོར་ཆགས་པར་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གོང་འཕེལ་དང་སྲ་བརྟན་དུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ལོ་ལྟར་དུས་ཆེན་དང་ཉིན་མོ་གལ་ཆེན་ལ་དམིགས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་དཔེ་སྟོན་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། དམག་སྒར། དགོན་སྡེ་བཅས་སུ་སྤེལ་རྒྱུར་སྐུལ་མ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བརྗོད་དོན་གཙོ་བོའི་སློབ་གསོ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སློབ་གསོ་སོགས་དྲིལ་བསྒྲགས་མངོན་གསལ་དོད་པོ་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཡོང་བར་སྔར་བས་སྐུལ་མ་བཏང་བ། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་ཞིག་ཧུར་ཐག་བསྐྲུན་ནས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་དྲང་ནུས་གཅིག་ཏུ་བསྒྲིལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།