འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ཆུ་དམར་ལེབ་རྫོང་གིས་གནད་སྨིན་དབུལ་སྒྲོལ་གྱི་གོམ་སྟབས་
    མགྱོགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དབུལ་ཕོངས་ཐོན་ཚད་དེ་སྔོན་གྱི་53%ནས་ད་ཆའི་28%བར་ཆག་པའི་བར་ཡིན་ནའང་འདྲ། ཡང་ན་“རྫོང་ལ་སྣེ་འདྲེན་ཁེ་ལས་ཡོད་པ་དང་། ཤང་ལ་གཙོ་ཁྲིད་ཐོན་ལས་ཡོད་པ། གྲོང་ཚོར་འབབ་འཕར་རྣམ་གྲངས་ཡོད་པ། དུད་ཚང་ལ་ཕན་འབྲས་བགོ་བཤའ་ཡོད་པ་”བཅས་ཀྱི་དབུལ་སྒྲོལ་ལས་དོན་གྱི་བཀོད་པ་འཛུགས་སྐྲུན་ཡིན་ན་ཡང་རུང་། ཡང་ན་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་པ་ཡིན་ནའང་རུང། ཆུ་དམར་ལེབ་རྫོང་གིས་གནད་སྨིན་དབུལ་སྒྲོལ་གྱི་ལམ་བུར་གོམ་སྟབས་མགྱོགས་སུ་བཏང་སྟེ། སོ་སོར་དབང་བའི་ཁྱད་ལྡན་ལམ་བུར་སྐྱོད་བཞིན་ཡོད།
         ཉེ་ཆར། གསར་འགོད་པ་ཆུ་དམར་ལེབ་རྫོང་གྲོང་གནས་ཡུལ་གྱི་དབྱིག་སྐེད་གྲོང་རྡལ་འབྲི་ཆུ་གྲོང་ཚོར་འགྲོ་སྐབས། ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དཀོན་མཆོག་ནི་ཉེ་རིང་གང་སར་སྐད་གྲགས་ཡོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཡིན་པ་མ་ཟད། ཏང་འཛུགས་སྐྱོང་ལ་བརྟེན་ནས་འབྲོག་པ་དབུལ་པོའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སློབ་སྦྱོང་བྱ་ཡུལ་གྱི་མིག་དཔེ་ཞིག་དེ་བས་ཡིན་པ་ཐོས་བྱུང་།
         2015ལོའི་ཟླ་8པར། ཁོང་གིས་རང་ཁྱིམ་གྱིས་གསོ་ཚགས་བྱས་པའི་ཟོག་གྲངས་128དང་མ་དངུལ་རང་གྲབས་བྱས་ནས་ཉོས་པའི་ལུག་མགོ་གྲངས་1100ཡི་རྨང་གཞིའི་ཐོག གྲོང་ཚོའི་འབྲོག་དུད་དབུལ་པོ་18ཀྱི་སྣེ་ཁྲིད་ནས་དུད་སྦྲེལ་གཉེར་སྐྱོང་གི་སྣོད་བཅུད་འབྲོག་ལས་གསོ་ཚགས་རྟེན་གཞི་བཙུགས་པ་རེད། མཉམ་ལས་ཁང་བཙུགས་པ་དང་། རྩྭ་ར་ཟླ་སྒྲིལ་དོ་དམ། ཕྱུགས་ཚང་སྐྲུན་པ། འབྲོག་ཟོག་ལས་སྣོན་བཅས་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དཀོན་མཆོག་གིས་གུང་ཁྲན་ཏང་ཡོན་གྱི་ཚད་གཞིར་གཞིགས་ནས་འབྲོག་པ་ཚོར་སེམས་རྩ་འཁོལ་པོས་རོགས་རམ་དང་། གང་སར་འབྲེལ་བ། རྣམ་གྲངས་བརྩོན་ལེན་བཅས་བྱས་པས། མཉམ་ལས་ཁང་ལ་གཞི་ཁྱོན་རགས་ཙམ་ལྡན་པ་དང་ཕན་འབྲས་ཐོན་པ་མཐོང་སྐབས། དཀོན་མཆོག་ལ་སེམས་འགུལ་ཚད་མེད་ཐེབས་པ་མ་ཟད། རང་ཉིད་ཀྱིས་བདམས་པའི་ལམ་བུ་ནོར་མེད་པའི་ཡིད་ཆེས་ཟབ་མོ་བྱས།
         དེ་དང་ཆབས་ཅིག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་དབང་རྒྱལ་གྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས། གྲོང་ཚོ་ཡོངས་ཀྱི་དུད་ཚང་དབུལ་པོ་305ལ་“གཅིག་གཏད་གཅིག་་”གི་རོགས་སྐྱོར་བྱས་ནས་མི་དབུལ་པོ་900ཙམ་དབུལ་སྒྲོལ་གྱི་དམིགས་ཚད་དུ་སླེབས་རྒྱུའི་བརྩོན་ལེན་བྱས་པ་རེད། རོགས་རམ་བྱེད་འགོ་ཚུགས་མ་ཐག་དབུལ་སྒྲོལ་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་ནས། འབྲོག་པ་མང་ཚོགས་དབུལ་སྒྲོལ་ཐུབ་པ་དང་དབུལ་སྐྱོར་མི་སྣ་ཁ་ཐོར་དུ་མི་འགྲོ་བའི་ཆེད་དབུལ་སྐྱོར་ལས་དོན་རྒྱུན་ཆད་མེད་པར་སྤེལ་ཞིང་། མིག་སྔའི་བར། གྲོང་ཚོ་ཡོངས་སུ་དབུལ་སྐྱོར་འབྲོག་ར་3དང་། སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་5 ལྷ་བྱ་གོང་མོ་གསོ་ཚགས་ར་བ་གཅིག་བཅས་བཙུགས་ཡོད།
         ཏང་ཡོན་ལས་བྱེད་པ་ཚོ་དབྱིག་སྐེད་གྲོང་རྡལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་“གཙོ་ཤུགས་དམག་”ལྟ་བུར་གྱུར་ནས་འབྲོག་པ་ཚོས་ཁས་ལེན་དང་སྲུང་བརྩི་ཟབ་མོ་ཞུ་ཡི་ཡོད། འབྲོག་པ་མང་ཚོགས་ཚོའི་སེམས་སུ་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་མཁན་གྱི་ཏང་ཡོན་ནི་དངོས་འབྲེལ་ཚད་གཞི་ལོན་པའི་གུང་ཁྲན་ཏང་ཡོན་ཞིག་རེད།
         དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ནས་ད་ཆའི་བར། བསྒྲུབ་རྒྱུར་ལུས་པ་ཚང་མ་དཀའ་གནད་ཤ་སྟག་ཡིན་པ་དང་། ཆུ་དམར་ལེབ་རྫོང་ཡང་རྫོང་གཞན་དག་དང་གཅིག་མཚུངས་ཡིན་ཞིང་། དབུལ་པོའི་གནས་ལས་སྒྲོལ་བའི་སྔོན་འགྲོའི་ཆ་རྐྱེན་ནི་“ལག་རྩལ་སློབ་རྒྱུར་ཐུག་ཡོད།”
         2015ལོའི་ཟླ་10པར། རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་སྒྲིག་འཛུགས་དང་གདན་དྲངས་པའི་འོག སི་ཁྲོན་མེ་ཧྲན་གྱི་སྐྲ་མཁན་ལིའུ་པིན་བཟའ་ཚོ་གཉིས་ཆུ་དམར་ལེབ་རྫོང་ལས་ཞུགས་གསོ་སྦྱོང་རྟེན་གཞིར་སླེབས་པ་དང་། བཟའ་ཚོ་གཉིས་ཀྱི་ལས་འགན་ནི་མི་རེས་ས་གནས་དེ་གའི་འབྲོག་པའི་བུ་ཕྲུག་30རེ་གསོ་སྦྱོང་བྱས་ནས་སྐྲ་མཁན་ལ་འགྱུར་བར་བྱ་རྒྱུ་མ་ཟད། གླ་ཕོགས་འོས་འཚམ་ཞིག་རག་པ་བྱ་རྒྱུ་དེ་རེད། དབྱིག་སྐེད་གྲོང་རྡལ་གྱི་ཚེ་དབང་རྡོ་རྗེ་དང་བདེ་སྐྱིད་གཉིས་ནི་གསོ་སྦྱོང་དང་ལེན་བྱེད་མཁན་གྱི་སློབ་མ་ཡིན་པ་དང་། མ་གཞི་དེ་གར་སླེབས་ནས་ཟླ་བ་གསུམ་ཡང་ཕྱིན་མེད་མོད། སློབ་མ་127ཀྱི་ཁྲོད་ཁོ་གཉིས་ནི་ཕུལ་བྱུང་རེད། ཡིག་རྒྱུགས་འཕྲོད་རྗེས་ཁོང་གཉིས་ཀྱིས་མཉམ་དུ་སྐྲ་ཁང་ཞིག་གཉེར་རྩིས་ཡོད་པ་རེད།
         དེས་མ་ཚད། རྫོང་དབུལ་སྐྱོར་སྡེ་ཚན་གྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གཡོས་སྦྱོར་དང་། རླངས་འཁོར་དང་སྦག་སྦག་ཉམས་བཟོ། འཚེམ་བཟོ། མི་རིགས་གྱོན་ཆས་ལས་སྣོན་སོགས་བཀོལ་སྤྱོད་རང་བཞིན་གྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་། ཆེད་ལས་ལག་རྩལ་མི་སྣ་གདན་དྲངས་ཏེ་“གཅིག་གཏད་གཅིག་དང་། ངོ་ཐུག་གདོང་འཕྲད། དམར་ཁྲིད་བྱེད་པ་”བཅས་ལ་བརྟེན་ནས་ནས་རྩལ་ནུས་སློབ་ཁྲིད་བྱས་ཏེ་ལོ་རེར་མི་1000གསོ་སྦྱོང་བྱེད་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།