འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་སྟག་རྩེ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་ས་མཐོའི་ཁྱད་ལྡན་ཞིང་ལས་
    ཐོན་ལས་གླིང་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྟག་རྩེ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་འཛུལ་སྐབས་གྲལ་སྟར་བསྒྲིགས་པའི་དྲོད་ཁང་ཆེ་མོ་མང་པོ་ཞིག་མིག་ལམ་དུ་འཆར།
         སྟག་རྩེ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་མིག་སྔར་རྒུན་འབྲུམ་དང་། ཁམ་བུ། ཚལ་ཀྭ ཆེ་ཙེ་སོགས་སྔོ་ཚལ་དང་ཤིང་ཏོག་བསྡོམས་སྣ་ཁ་60ལྷག་ཙམ་བཏབ་ཡོད་ཅིང་། འདི་ལོ་གླིང་ཁུལ་དེས་སྤུས་དག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཐོན་ལས་ཐོན་སྐྱེད་དང་། ལས་སྣོན། ཐུམ་སྒྲིལ་ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལས་སྟེགས་ཧུར་ཐག་བསྐྲུན་རྒྱུ་ཡིན་ཞིང་། གླིང་ཁུལ་དེས་ལོ་ལྔའི་ནང་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དེ་ཉིད་ཐོན་ཆེའི་ཞིང་ལས་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ། ཟོག་འགྲེམས་ལས་སྣོན། ཡུལ་སྐོར་སྤྲོ་གསེང་བཅས་གཞི་གཅིག་ཅན་གྱི་ས་མཐོའི་ཁྱད་ཆོས་ཟབ་མོ་ལྡན་པའི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དུ་བསྐྲུན་རྒྱུའི་འཆར་འགོད་རགས་ཙམ་བྱས་པ་རེད།
         དྲོད་ཁང་ཆེ་མོའི་ནང་དུ་སྔོ་ཚལ་དང་ཤིང་ཏོག་གི་དྲི་ཞིམ་འཐུལ་ཞིང་། “འདིའི་ནང་བཏབ་པའི་འབྲི་ཏ་ས་འཛིན་ལ་སྣ་ཁ་5ཡོད་པ་དང་། ང་ཚོས་ད་དུང་རྒུན་འབྲུམ་དང་། ཁམ་བུ། གྲོ་མ། ཤིས་ཀྭ་སོགས་བཏབ་ཡོད་”ཅེས་སྟག་རྩེ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཁོའོ་ཡོན་ལྷག་པ་དོན་གྲུབ་ཀྱིས་བཤད།
         “གྲོང་མིའི་དགོས་མཁོ་སྐོང་ཆེད་སྟག་རྩེ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་པད་ཚལ་དང་། སུར་སྔོན། ཚལ་ཀྭ ཆེ་ཙེ། ཨོ་སུན། ལ་ཕུག ལོ་སྒོར་པད་ཚལ། ཚལ་སྲན། ཀྲོ་མ་ཀྲུ་སོགས་སྔོ་ཚལ་བཏབ་པ་ཕུད། ད་དུང་ཤིང་ཏོག་སྣ་ཚོགས་ཀྱང་བཏབ་ཡོད། མིག་སྔར་སྔོ་ཚལ་དང་ཤིང་ཏོག་གི་སྣ་ཁ་60ལྷག་ཙམ་ཟིན་ཡོད་”ཅེས་ལྷག་པ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་སྟག་རྩེ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་ཉི་འོད་དྲོད་ཁང་ཆེ་མོ་སྟར་པ་1102བསྐྲུན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་མུའུ་2000ལྷག་ཙམ་ཟིན་ཡོད། “ཁྲོམ་རས་གླིང་ཁུལ་གྱི་སྣེ་ཁྲིད་པ་དང་གླིང་ཁུལ་གྱིས་ཞིང་དུད་དང་འབྲེལ་བའི་”ཁྲོམ་རའི་གཉེར་སྐྱོང་བྱེད་སྟངས་ལ་གཞིགས་ཏེ་“བཟོ་ལས་ཅན་གྱི་འདུ་ཤེས་དང་། ཁྲོམ་ར་ཅན་གྱི་འཁོར་རྒྱུག ཁེ་ལས་ཅན་གྱི་གཉེར་སྐྱོང་བཅས་”ཀྱི་དེང་རབས་ཞིང་ལས་ཐོན་ལས་ཅན་གྱི་ལམ་བུ་ཞིག་ཏུ་བསྐྱོད་ནས་གླིང་ཁུལ་འདི་ཉིད་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁུལ་དང་། ལས་སྣོན་ཁུལ། ཡུལ་སྐོར་སྤྲོ་གསེང་ཞིང་ལས་ཁུལ་བཅས་སུ་བསྐྲུན་པས། བཟོ་ལས་ལ་བརྟེན་ནས་ཞིང་ལས་ལ་ཁ་གསབ་བྱེད་པ་དང་ཞིང་ལས་ལ་བརྟེན་ནས་བཟོ་ལས་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་རྣམ་པ་ཞིག་མངོན་འགྱུར་ཐུབ་ཡོད།
        སྟག་རྩེ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་སྟག་རྩེ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་བས་ལེགས་པའི་ངང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད། སླད་ཕྱིན་གླིང་ཁུལ་འཛུགས་སྐྲུན་ཐད་ཞིང་ལས་དང་། སྣོད་བཅུད། ཚན་རྩལ། ཁྱད་ལྡན་བཅས་བརྗོད་བྱ་གཙོ་བོ་བཞི་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་ཡིན་པ་དང་། སྤྱིའི་འཆར་འགོད་དང་ཇུས་འགོད་ནི། སྤྱི་གནོད་མེད་པའི་སྔོ་ཚལ་ཐོན་ལས་ཅན་གྱི་དཔེ་སྟོན་ཁུལ་དང་། མེ་ཏོག་ཐོན་ལས་ཅན་གྱི་དཔེ་སྟོན་ཁུལ། ཤིང་ཏོག་ཐོན་ལས་ཅན་གྱི་དཔེ་སྟོན་ཁུལ། སྡོང་ཕྲུག་ཐོན་སྐྱེད་ཅན་གྱི་དཔེ་སྟོན་ཁུལ། ཞིང་ལས་ཐོན་རྫས་ལས་སྣོན་ཁུལ། ཞིང་ལས་ཐོན་རྫས་འགྲེམས་སྟོན་ཁུལ། ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་ར། ཞིང་པའི་ཚན་རྩལ་གསོ་སྦྱོང་རྟེན་གཞི། ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་བཅས་ཡིན་ཞིང་། འཆར་གཞི་ལྟར་ན་ལོ་3ནས་5བར་ཕྱེ་སྟེ་ལག་ལེན་བསྟར་རྒྱུ་དང་ལོ་ལྔའི་ནང་སྟག་རྩེ་རྫོང་གི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དེ་ཉིད་ཐོན་ཆེའི་ཞིང་ལས་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ། ཟོག་འགྲེམས་ལས་སྣོན། ཡུལ་སྐོར་སྤྲོ་གསེང་བཅས་གཞི་གཅིག་ཅན་གྱི་ས་མཐོའི་ཁྱད་ཆོས་ཟབ་མོ་ལྡན་པའི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དུ་བསྐྲུན་རྒྱུའི་འཆར་འགོད་རགས་ཙམ་བྱས་ཡོད་ཅེས་བཤད་པ་རེད།
         གླིང་ཁུལ་ནང་གི་སྔོ་ཚལ་དང་ཤིང་ཏོག་ཕྱིར། ཚོང་ཐབས་ལམ་སྐོར་འདྲི་སྐབས་ལྷག་པ་དོན་གྲུབ་ཀྱིས་“མིག་སྔར་ཕྱིར། ཚོང་བྱ་ཐབས་གཉིས་ཡོད་པ་སྟེ། གཅིག་ནི་འདེབས་འཛུགས་དུད་ཚང་གིས་ཐད་ཀར་ཞིང་ཟོག་ཉོ་ཚོང་ཁྲོམ་རར་ཕྱིར། ཚོང་བྱེད་པ་དང་། གཉིས་ནི་སྟག་རྩེ་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིས་ལྷ་ས་གྲོང་ཁུལ་གྱི་ཞིང་ཟོག་ཉོ་ཚོང་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་ཆེ་གྲས། སློབ་གྲྭ་སོགས་སུ་ཕྱིར། ཚོང་འབྲེལ་མཐུད་བྱས་ཏེ་ཐད་ཀར་མཁོ་འདོན་དང་ཕྱིར། ཚོང་བྱེད་པ་དེ་ཡིན། དེ་ཡང་རིགས་གཉིས་པ་ནི་ཕྱིར། ཚོང་བྱ་ཐབས་གཙོ་བོ་དེ་རེད་”ཅེས་བཤད།
         2011ལོར་བསྐྲུན་པ་ནས་ད་བར་སྟག་རྩེ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་ཉིད་སྐྱིད་ཆུའི་དྲིན་ལས་རིམ་བཞིན་འཕེལ་རྒྱས་སྟོབས་ཆེར་འགྲོ་བཞིན་མཆིས།
      

    ཕྱོགས་བསྡུས་གསར་འགྱུར།