འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སྟོབས་ཆེ་བའི་ཨུ་རུ་སུ་ཞིག་ཆགས་རྒྱུར་རེ་སྒུག་བྱེད་བཞིན་པ།

    —— ཨུ་རུ་སུའི་རྒྱལ་ཁབ་གྲོས་ཚོགས་འོག་མའི་ཐོག་འདེམས་ཤོག་འཕེན་པའི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྟོན་གྱི་སྦྲང་ཆར་ཟིལ་མ་འགའ་བབས་པའི་རྗེས། མོ་སི་ཁོའི་གནམ་གཤིས་རིམ་བཞིན་བསིལ་པོར་གྱུར་ནའང་། ཉེ་ཆར། འདེམས་དམངས་རྣམས་ཀྱིས་ཨུ་རུ་སུའི་སྲིད་ཏང་ཁག་གིས་འོས་སྦྱོར་བྱས་པའི་རྒྱལ་ཁབ(གྲོས་ཚོགས་འོག་མའི)འོས་མིར་འདེམས་ཤོག་འཕེན་རྒྱུར་འགོག་རྐྱེན་ཅི་ཡང་བྱུང་མེད་པར་རང་རང་སྡོད་སའི་སྡེ་ཁུལ་ཉེ་འགྲམ་གྱི་འདེམས་ཤོག་འཕེན་སར་རྒྱུན་མི་ཆད་པར་འོང་བཞིན་ཡོད། ཨུ་རུ་སུའི་ས་ཁྱོན་ཆེ་ཞིང་ཤར་ནུབ་གཉིས་ལ་དུས་ཚོད་ཀྱི་དབྱེ་བ་ཆེན་པོ་ཡོད་པའི་རྐྱེན་གྱིས་ས་གནས་ཁག་གིས་རང་རང་སོ་སོའི་དུས་ཚོད་ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ནས་འདེམས་ཤོག་འཕེན་ཏེ་ཕྱི་དྲོའི་ཆུ་ཚོད་བརྒྱད་པར་གཞི་ནས་མཇུག་འགྲིལ་བ་རེད།
         མོ་སི་ཁོའི་ལྷོ་ཕྱོགས་ཝར་སོའི་གཞུང་ལམ་རྒྱུད་ཀྱི་མོ་སི་ཁོའི་པའོ་མན་རང་བྱུང་ཚན་རིག་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞོར་གཏོགས་སློབ་འབྲིང་ཨང་1580པའི་སློབ་ཁྲིད་ཁང་ཆེན་གྱི་ཚོམས་ཆེན་དང་ལུས་རྩལ་ཁང་གི་ཉིས་ཐོག་ཏུ་འདེམས་ཤོག་སྒམ་རེ་བཙུགས་ཡོད། འདེམས་ཤོག་འཕེན་སའི་འཛུལ་སྒོའི་འགྲམ་གྱི་ཆ་འཕྲིན་ཆེད་སྒྲོམ་ནང་འོས་མི་11གི་པར་དང་དེའི་འབྲེལ་ཡོད་ཆ་འཕྲིན་སྦྱར་ཡོད།
         ལོ་30ལ་སླེབས་པའི་མཁའ་འགྲུལ་བཟོ་སྐྲུན་ཆེ་མོ་བ་ཤེར་ཀེས་རང་ཉིད་ཀྱི་བཟའ་ཟླ་དང་ཕྲུ་གུ་བུ་མོ་གཉིས་ཁྲིད་དེ་འདེམས་ཤོག་འཕེན་སར་འོང་། འོས་མིའི་ཆ་འཕྲིན་ལ་ཞིབ་མོས་བལྟས་རྗེས་ཁོང་དང་ཁོང་གི་བཟའ་ཟླས་ཧ་ལམ་སྐར་མ་བཅུའི་ནང་འདེམས་ཤོག་དབྱུག་རྒྱུའི་གྲ་སྒྲིག་བྱས་མཐར་ཕྲུ་གུ་གཉིས་ཀྱིས་སྒམ་ནང་འདེམས་ཤོག་དབྱུག་པར་ཕྱིན།
         ཤེར་ཀེས“ངས་ཨུ་རུ་སུའི་གུང་ཁྲན་ཏང་གི་འོས་མི་ཞིག་ལ་འདེམས་ཤོག་དབྱུགས་པ་ཡིན། ངས་ཨུ་རུ་སུའི་སྲིད་འཛིན་ཏང་ཤོག་ལ་ད་ཡོད་ཀྱི་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཕྱོགས་གང་ནས་སྒྱུར་བཅོས་བྱེད་དགོས་པ་བསྟན་པ་ཡིན་ལ། ཨུ་རུ་སུའི་གུང་ཁྲན་ཏང་གིས་དེའི་འགན་འཁུར་ཐུབ་ཀྱི་རེད་བསམ་གྱི་འདུག་”ཅེས་གསར་འགོད་པར་བཤད་བྱུང་།
         ཁོང་གིས་སྐབས་གསར་པའི་རྒྱལ་ཁབ་གྲོས་ཚོགས་འོག་མས་རྒྱལ་ཁབ་ཀྱི་ནང་སྲིད་ཀྱི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱེད་དགོས་པ་དཔེར་ན། གྲོང་མིའི་འཚོ་བའི་ཚད་གཞི་ལེགས་སུ་གཏོང་རྒྱུ་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ལྟ་བུ་སོགས་ཡིན་ཞེས་བཤད། ཕྲུ་གུ་འདེམས་ཤོག་འཕེན་སར་འཁྲིད་དགོས་དོན་སྐོར་ལ། ཁོང་གིས་ཕྲུ་གུར་ཆུང་དུས་ནས་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་ཕྱིན་སྤོབས་སེམས་བཅངས་ནས་དེ་མཚུངས་ཀྱི་འགན་འཁྲི་འཁུར་དགོས་པ་མ་ཟད། འབྱུང་འགྱུར་རང་ངོས་ལའང་འགན་འཁུར་དགོས་པ་ཤེས་སུ་འཇུག་ཆེད་ཡིན་ཞེས་བཤད།
         “ངས་གཅིག་གྱུར་ཨུ་རུ་སུའི་ཏང་ལ་འདེམས་ཤོག་དབྱུགས་པ་ཡིན། ངས་དེ་ལྟར་བྱས་པ་འགྲིག་སྙམ། གང་ལགས་ཤེ་ན། ངས་ཏང་དེའི་ལས་ཀ་བྱེད་སྟངས་ལ་ཧ་ཅང་དགའ་མོས་ཡོད་པས་ཡིན།”ཞེས་ལོ་60ལྷག་ཙམ་ལ་སླེབས་པའི་རྩིས་པ་ཁུའུ་ལིའུ་མིན་ནཱས“རྒན་ཡོལ་དངུལ་མང་དུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པས། སྐབས་གསར་པའི་རྒྱལ་ཁབ་གྲོས་ཚོགས་འོག་མས་རྒན་ཡོལ་ཞུ་མཁན་གྱི་འགན་ལེན་གནད་དོན་གཙོ་བོར་ཐག་གཅོད་ཡོང་བའི་རེ་བ་ཡོད།”ཅེས་དང་། ཁོང་གིས་མཇུག་ཏུ་ཨུ་རུ་སུ་སྟོབས་ཆེ་ཞིང་སྒོ་དབྱེ་ལྡན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བརྩི་མཐོང་བྱེད་ས་ཞིག་ཆགས་རྒྱུའི་འདུན་པ་འཆང་བཞིན་ཡོད་ཅེས་བཤད།
         ཨུ་རུ་སུའི་མཁའ་འགྲུལ་ཀུང་སི་ནས་ཡིན་པའི་ཨོ་ལེ་ཀེས་འདེམས་ཤོག་འཕེན་སར་འདེམས་ཤོག་འཕེན་པར་ཡོང་མཁན་ལ་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་ཡོད་མིན་ལྟ་བའི་འགན་འཁུར་བ་མ་ཟད། འདེམས་ཤོག་འཕེན་པའི་བརྒྱུད་རིམ་ལ་ལྟ་སྐུལ་ཡང་བྱས་ནས་འདེམས་ཤོག་ལུགས་དང་མཐུན་པའི་སྒོ་ནས་འཕེན་པ་དང་ཁ་གསལ་ཡོང་བ་བྱེད་ཅིང་། ལོ་50ལྷག་ཙམ་ལ་སླེབས་པའི་ཨོ་ལེ་ཀེས“ཨུ་རུ་སུའི་ཆབ་སྲིད་དང་། དཔལ་འབྱོར། ཁྲིམས་འཛིན་སོགས་ཁྱབ་ཁོངས་ལ་མུ་མཐུད་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་ཆེན་པོའི་གནས་བབ་རྒྱུན་འཁྱོངས་ཐུབ་པའི་རེ་བ་ཡོད། རྒྱལ་ཁབ་སྔར་བས་སྟོབས་ཆེ་རུ་འགྲོ་བར་ཨུ་རུ་སུའི་ལས་རིགས་ཁག་གིས་འབད་པ་ལྷོད་མེད་བྱེད་དགོས་ལ། སྐབས་རེ་ཏང་ཤོག་གི་དབྱེ་བ་མི་འབྱེད་པར་ཕན་ཚུན་གྲོས་མོལ་དང་རིགས་པས་ཁུངས་སྐྱེལ་ཡང་བྱེད་དགོས་”ཞེས་བཤད།
         ཨུ་རུ་སུར་ཐོ་བཀོད་པའི་འདེམས་དམངས་དུང་ཕྱུར་1.12ཙམ་ཡོད་པ་དང་མངའ་ཁོངས་ནང་འདེམས་ཤོག་འཕེན་ས་ཁྲི་9.6ལྷག་ཙམ་བཙུགས་ཡོད། འདེམས་དམངས་རྣམས་ཀྱིས་ཨུ་རུ་སུའི་སྲིད་ཏང་14ཡིས་འོས་སྦྱོར་བྱས་པའི་འོས་མི་2100ཙམ་གྱི་ཁྲོད་ནས་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་གྲོས་མི་450འདེམས་རྒྱུ་མ་ཟད། ཨུ་རུ་སུའི་ས་གནས་ཁག་གིས་རྒྱལ་ཕྲན་མཉམ་འབྲེལ་བྱེད་པོ་དང་གྲོང་ཁྱེར་གྲོས་ཚོགས་ཀྱི་གྲོས་མི་ཁྲི་3.9འདེམས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།