འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བཟོ་གྲྭ་ཞིག་གི་ཐོན་སྐྱེད་བྱ་ཡུལ་དུ་འབར་གས་དོན་རྐྱེན་ཐོན་ནས་མི་6ཤི་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་21ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནས་ཤེས་རྟོགས་བྱུང་བར། ཚེས་18ཉིན་གྱི་ཆུ་ཚོད་14དང་སྐར་མ་17ཡི་ཐོག ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཀན་ཧོ་བཟོ་ལས་གླིང་གི་མཚོ་སྔོན་ཚྭ་མཚེའུ་ཧའེ་ན་ཀུང་སིའི་བཟོ་གྲྭ་ཤར་མའི་ཨར་འདམ་ཐོན་སྐྱེད་བྱ་ཡུལ་དུ་ཐལ་རྡུལ་བསྡུ་ལེན་སྒྲིག་ཆས་ཀྱི་གློག་རྡོའི་འབར་གས་དོན་རྐྱེན་ཐོན་པ་དང་དོན་རྐྱེན་ཁྲོད་མི་6ཤི་བ་དང་མི་1གར་སོང་ཆ་མེད་དུ་གྱུར་བ་རེད།
         ཀན་ཧོ་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཡུན་ཀྲོའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སི་དེའི་ཨར་འདམ་ཐོན་སྐྱེད་བྱ་ཡུལ་དུ་ཐལ་རྡུལ་བསྡུ་ལེན་སྒྲིག་ཆས་ལས་དོན་རྐྱེན་ཐོན་པ་ཞིག་ཡིན་ཞིང་། དོན་རྐྱེན་ཐོན་སྐབས་ཨར་འདམ་ཐོན་སྐྱེད་བྱ་ཡུལ་དུ་ལས་ཀ་བྱེད་མཁན་མི་26ཡོད་པ་དང་འབར་གས་ཁྲོད་མི་2རང་སར་ཤི་བ་དང་། མི་1གར་སོང་ཆ་མེད་དུ་གྱུར་བ། མི་12ལ་རྨས་སྐྱོན་ཕོག་པ་(དེའི་ནང་མི་4སྨན་ཁང་ནང་མྱུར་སྐྱོབ་བྱེད་སྐབས་ནུས་པ་མ་ཐོན་པར་ཤི་བ་དང་མི་8མྱུར་སྐྱོབ་བྱེད་བཞིན་ཡོད་པ་) དེ་མིན་གྱི་མི་11ལ་རྨས་སྐྱོན་ཕོག་མེད་པ་རེད།
         དོན་རྐྱེན་ཐོན་རྗེས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་གཙོ་བོས་འཕྲལ་མར་མཛུབ་སྟོན་གནང་ནས་ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་ཞིག་རོའི་འོག་ལུས་པའི་མི་མྱུར་སྐྱོབ་དང་རྨས་མ་སྐྱོབ་བཅོས་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར། ལས་འཛོལ་དོན་རྐྱེན་རྩད་གཅོད། རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་ཧྲེང་ཀྲང་གཞོན་པ་ཀྲང་ཅན་མིན་གྱིས་དོན་རྐྱེན་ཐོན་ཡུལ་དུ་བསྐྱོད་དེ་རོགས་སྐྱོབ་བཀོད་སྒྲིག་ལས་དོན་བཀོད་འདོམས་བྱས་པ་རེད།
         མིག་སྔར་རོགས་སྐྱོབ་མི་སྣས་གར་སོང་ཆ་མེད་དུ་གྱུར་བའི་མི་གཅིག་པོ་དེ་ནུས་ཤུགས་ཡོད་རྒུས་འཚོལ་བཞིན་ཡོད་པ་དང་སྨན་ཁང་ནང་བསྐྱལ་བའི་རྨས་མ་བརྒྱད་པོའི་སྲོག་རྒྱུན་བརྟན་པོ་ཡོད་པ་དང་། ཤི་རྨས་བྱུང་བའི་རྨས་མ་ཁག་གཅིག་གི་ཁྱིམ་མི་སླེབས་ཡོད་པ་དང་རྗེས་འཇུག་དང་སེམས་གསོ་གཏོང་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་བརྟག་དཔྱད་ཚོགས་ཆུང་གིས་དོན་རྐྱེན་ཐོན་པའི་རྒྱུ་རྐྱེན་བརྟག་དཔྱད་བྱེད་འགོ་ཚུགས་ཡོད་པ་རེད།
         མཚོ་སྔོན་ཚྭ་མཚེའུ་ཧའེ་ན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སི་འདི་ཉིད་2009ལོར་བསྐྲུན་འགོ་ཚུགས་པ་དང་2013ལོར་འཁོར་རྒྱུག་བྱེད་འགོ་ཚུགས་ཡོད། གཙོ་བོ་PVCདང་ཉིན་རེར་ཨར་འདམ་ཏུན་2500ཡི་ཐོན་སྐྱེད་ལས་སྣོན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།